ཤིན་ཅའང་དུ་ཡུ་གུར་མི་རིགས་ལྔ་ལ་སྲོག་ཁྲིམས་བཅད་པ།

རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཁ་སྔོན་ཕྱི་ཟླ་བདུན་པའི་ནང་ཤིན་ཅའང་གི་ཟིང་ཆའི་ཐོག་ཡུ་གུར་མི་ལྔ་ལ་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པ་རེད།

2009.12.03

༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཁ་སྔོན་ཕྱི་ཟླ་བདུན་པའི་ནང་ཤིན་ཅའང་གི་རྒྱལ་ས་ཨུ་རུམ་ཆི་ནང་གི་ཟིང་ཆའི་དོན་རྐྱེན་ནང་མི་བསད་པ་སོགས་ཁྲིམས་འགལ་གྱི་ཉེས་པ་བསགས་ཡོད་ལུགས་ཀྱིས་མི་ལྔ་ལ་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པ་རེད།

རྒྱ་ནག་གི་ཤིང་ཧྰ་གསར་ཤོག་ཐོག་ལ་ད་དུང་ཤིན་ཅའང་གི་རྒྱལ་ས་ཨུ་རུམ་ཆི་གྱི་ཁྲིམས་ཁང་ནས་མི་གཉིས་ལ་ཚེ་བཙོན་གྱི་ཉེས་ཆད་ཐག་གཅོད་བྱས་པ་དང་སྲོག་ཐོག་གི་ཉེས་ཆད་བཏང་བའི་མི་ལྔ་པོ་དེ་དག་ནི་ཡུ་གུར་མི་རིགས་ཡིན་ཞིང། དེ་བཞིན་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་ལྔའི་ཉིན་གྱི་ཟིང་ཆའི་དོན་རྐྱེན་ནང་ཐེ་ཇུས་ཡོད་པའི་མི་ལྔ་ལ་རེས་གཟའ་པ་སངས་ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཤིང་ཅང་ཟེར་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་དུ་ད་བར་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་བྱུང་མྱོང་མེད་པའི་ཡུ་གུར་གྲངས་ཉུང་མི་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ་རྒྱལ་ས་ཨུ་རུམ་ཆི་ནང་དུ་གནས་སྡོད་རྒྱ་ཧའན་མི་རིགས་ཐོག་ལ་རྒོལ་རྡུང་བཏང་བ་དང་དོན་རྐྱེན་དེ་བྱུང་སྟེ་ཉིན་མ་གཉིས་ཀྱི་རྗེས་སུ་རྒྱ་ཧའན་མི་རིགས་ཚོས་ཡུ་གུར་མི་རིགས་ཐོག་ཕར་རྒོལ་བྱས་ཏེ་མི་རིགས་གཉིས་བར་གྱི་འཐབ་རྩོད་དང་འགལ་ཟླའི་རྣོ་ངར་ཆེན་པོ་བྱུང་ཡོད་པ་རེད། ཡུ་གུར་གྲངས་ཉུང་མི་རིགས་མང་པོ་ཞིག་གིས། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཚོའི་ཆོས་དད་རང་དབང་ཐོག་བཏང་འཛིན་དང། རིག་གཞུང་གཅེས་འཛིན་ཐོག་ལ་དམ་བསྒྲགས་བྱེད་པའི་སྲིད་ཇུས་དང། ལྷག་པར་དུ་ཤིན་ཅའང་ས་ཁུལ་དུ་རྒྱ་ཧའན་མི་རིགས་མང་པོ་གནས་སྤོ་བྱས་ཏེ་ཡུ་གུར་མི་རིགས་རྣམས་རང་གི་ས་གནས་ནང་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་གནས་སྟངས་ལ་ཁོན་འཛིན་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་པའི་ཁར་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནང་གི་བཟོ་གྲའི་ལས་བཟོ་བ་ཡུ་གུར་མི་རིགས་ཐོག་རྒྱ་ཧའན་མི་རིགས་ལས་བཟོ་བས་རྒོལ་རྡུང་བཏང་སྟེ་ཡུ་གུར་ལས་བཟོ་བ་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་སྟངས་གི་ཐོག་ནས་འཁོན་འཛིན་གྱི་རྣོ་ངར་ཆེ་རུ་ཕྱིན་ཏེ་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་དོན་རྐྱེན་དེ་བྱུང་བ་ཡིན་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎