རྒྱལ་ས་ལྷ་སའི་འཆར་འགོད་གསར་པ་གཏན་འབེབས།
2009.03.17
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་བསྐྱེད་ཐོག་བཏང་འཛིན་བྱ་རྒྱུ་སོགས་ཀྱི་ཕུགས་ཀྱི་དམིགས་ཡུལ་འགྲུབ་ཕྱིར་གྲོང་ཁྱེར་གྱི་བཟོ་དབྱིབས་འཆར་འགོད་གསར་པ་ཞིག་གཏན་འབེབས་བྱ་རྒྱུ་ཡིན་པ་གཞུང་འབྲེལ་དྲ་རྒྱའི་ཐོག་ལ་དེ་རིང་དྲིལ་བསྒྲགས་བྱས་ཡོད་པ་རེད།
བོད་ཀྱི་ཕྱི་ལ་གནས་བཞིན་པའི་བོད་མིས་གཙོས་པས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་གཏི་གནས་ལྷ་ས་སོགས་མི་ཉམས་གཅེས་འཛིན་བྱེད་ཀྱི་མེད་པ་དང་བོད་ནང་རྒྱ་རིགས་ཤིན་ཏུ་ཁྱོན་ཆེན་གཞིས་སྤོས་བྱེད་དུ་བཅུག་སྟེ་བོད་མི་རྣམས་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་གྱུར་ཐབས་དང་སྲིད་བྱུས་དེའི་བརྒྱུད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཏང་འཛིན་སྔར་ལས་ལྷག་པ་བྱེད་རྒྱུའི་དམིགས་ཡུལ་ལག་ལེན་བསྟར་གྱི་ཡོག་རེད་ཞེས་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་རེད། རྒྱ་ནག་གཞུང་གིས་གཏིང་རྒྱུའི་ཕུགས་ཀྱི་འཆར་གཞིའི་ནང་མ་འོངས་པའི་ཕྱི་ལོ་ཉིས་སྟོང་ཉི་ཤུའི་མཚམས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་དེ་བཞིན་དཔལ་འབྱོར་གྱི་ཆ་ནས་དར་རྒྱས་ཕུན་སུམ་ཚོགས་པ།སྤྱི་ཚོགས་ཡང་འཆམ་འཐུན་ལྡན་པ།གྲངས་ཉུང་མི་རིགས་སོ་སོའི་རིག་གཞུང་གི་ཁྱད་ཆོས་རྣམས་ཁྲ་ལྷམ་མེར་གསལ་ཞིང་རང་འབྱུང་ཁོར་ཡུག་དང་མཐུན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཆགས་རྒྱུ་ཡིན་པ་རེད། གྲོང་ཁྱེར་གྱི་འཆར་གཞི་གསར་པའི་ནང་ཁྲོམ་ར་ཡོད་པའི་ལྷ་སའི་གྲོང་ཁྱེར་ས་ཁུལ་ནང་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་བདུན་ཅུ་དོན་ལྔའི་ཐོག་ལ་ཁང་པ་དང་ཚོང་ཁང་སོགས་འཛུགས་བསྐྲུན་ལས་རིགས་གསར་པ་རྩོམ་རྒྱུ་དང་ཁང་པའི་གྲངས་འབོར་དང་མཐོ་ཚད།མཚོན་མདོག་ག་རེ་གཏོང་ཆོག་པ་དང་ཆོག་མིན་སོགས་ཚད་བཀག་བཟོ་རྒྱུ་ཡིན་པ་རེད།