བོད་ནང་ཞིང་བྲན་ལམ་ལུགས་མེད་པ་བཟོ་ལུགས་ཀྱི་དུས་ཚིགས།
2009.01.19
༄༅༎རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ལམ་ལུགས་མེད་པ་བཟོ་ལུགས་ཀྱི་དུས་ཚིགས་ལ་དྲན་གསོའི་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
དེ་ཡང་བོད་རང་སྐྱོང་ལྗོངས་ས་གནས་མི་མང་འཐུས་མི་ཚོགས་ཆེན་ཐོག་ནས་རིང་མིན་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉིན་བོད་ཀྱི་ཞིང་བྲན་པ་ཚོར་ཡར་ལངས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཞེས་པ་དེ་ཉིན་སྲུང་བརྩི་ཞུ་རྒྱུ་ཡིན་པ་དེ་རིང་དངོས་སུ་ཐག་གཅོད་བྱུང་ཡོད་པ་རེད་ཅེས་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་ནས་གནས་ཚུལ་སྤེལ་འདུག
ཡང་གནས་ཚུལ་མུ་མཐུད་སྤེལ་དོན་ལྟར་ན་ཕྱི་ལོ་༢༩༥༩ལོའི་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉིན་མོར་རྒྱ་ནག་གཞུང་གིས་བོད་ནང་བྲན་ཡོག་རིང་ལུགས་ཀྱི་ལམ་ལུགས་རྩ་མེད་བཟོས་ནས་ཞིང་བྲན་བརྒྱ་ཆ་དགུ་ཅུ་ཙམ་ལ་བཅིངས་བཀྲོལ་བཏང་ཡོད་ལུགས་གཞུང་འབྲེལ་ཕྱིར་བསྒྲགས་བྱས་པའི་གལ་ཆེའི་དུས་ཚིགས་ཤིག་འཁེལ་གྱི་ཡོད་སྟབས་དེ་ཉིན་དྲན་གསོའི་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་རྒྱུ་ཡིན་ལུགས་གཞུང་འབྲེལ་ཐག་གཅོད་བྱུང་ཡོད་པ་རེད་བཞག ཡིན་ནའང་རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉིན་བོད་ནང་ཞིང་བྲན་གྱི་ལམ་ལུགས་རྩ་མེད་བཟོས་ནས་ཞིང་བྲན་ཚོར་བཅིངས་བཀྲོལ་བཏང་བའི་དུས་དྲན་ལ་རྟེན་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་གཏན་འབེབས་བྱ་རྒྱུར་བཙན་བྱོལ་བོད་གཞུང་གི་རྒྱལ་སྤྱིའི་འབྲེལ་འཐུས་ལས་ཁང་གི་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་ན་དེ་ཉིན་ནི་རྒྱ་ནག་གཞུང་གིས་བོད་མི་ཚོར་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཡིན་པ་རེད་ཅེས་གསལ་སྟོན་གནང་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་གསུངས་ན་གལ་ཏེ་དེ་སྔར་བོད་མི་ཚོ་ཞིང་བྲན་ལམ་ལུགས་འོག་གནས་ཡོད་པ་ཡིན་ན་ང་འདྲ་བ་བོད་མི་ཚོས་ད་དུང་བོད་རང་བཙན་རྩོད་ལེན་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས་དོན་གང་ཡོད་དམ་ཞེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད༎