བོད་པའི་དགེ་འདུན་པ་དྲུག་ཙམ་འཛིན་བཟུང་བྱས་ཡོད་འདུག
2010.05.20
༄༅༎བཞུགས་སྒར་ཁུལ་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་ཁམས་འཇོ་མདའ་རྫོང་ཐོན་ཕུད་ཤང་ནང་ཡོད་པའི་ལྦ་ར་དགོན་པ་ནས་འདི་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་གཉིས་རིང་། སྔ་རྗེས་སུ་དགེ་འདུན་པ་དྲུག་ཙམ་ས་གནས་རྫོང་གི་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་ལས་བྱེད་བརྒྱ་སྐོར་ཞིག་ཡོང་ནས་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་ཚེས་བཅོ་ལྔ་ཉིན་མཐོ་རེངས་ཆུ་ཚོད་གསུམ་པ་ཙམ་ལ་ས་གནས་རྫོང་གི་སྤྱི་བདེ་ཉེན་རྟོག་པ་བརྒྱ་སྐོར་ཞིག་ལྦ་ར་དགོན་པའི་ཕྱོགས་བཞིར་མཐའ་བསྐོར་ནས་གསང་སྒོ་ནས་ཉེན་རྟོག་མི་སྣ་ཁག་ཅིག་དགོན་པའི་ནང་འཛུལ་ཏེ་དགེ་འདུན་པ་འཕྲིན་ལས་རང་ལོ་༢༥སོན་པ་ཞིག་དང་། སྣང་སྲས་ལོ་༢༧ཡིན་པ་ཁོང་གཉིས་འཇུ་བཟུང་བྱེད་སྐབས་ཤག་རོགས་བསོད་མགོན་༢༦ཡིན་པ་ཁོང་གིས་ལམ་སེང་ཉེན་རྟོག་པས་གང་བྱུང་མི་འཇུ་བཟུང་བྱེད་ཀྱི་འདུག་ཅེས་སྐད་རྒྱབ་པར་བརྟེན་ཉེན་རྟོག་པས་གནམ་ལ་མེ་མདའ་གཉིས་ཙམ་རྒྱབ་ནས་འཇིགས་སྣང་སྐུལ་བ་མ་ཟད། གྲྭ་འཕྲིན་ལས་དང་སྣང་སྲས་གཉིས་འཇུ་བཟུང་བྱས་འདུག། གཙོ་བོ་ཁོང་ཚོས་དགེ་འདུན་པ་སྐལ་བཟང་འགྱུར་མེད་ཞུ་བ་འཛིན་བཟུང་ཆེད་སླེབས་ཡོད་ཀྱང་ཁོ་པ་དགོན་པའི་ནང་བརྙེད་མེད་སྟབས་རྗེས་སུ་ནང་ལ་ཕྱིན་ནས་འཛིན་བཟུང་བྱས་ཡོད་འདུག དེ་ནས་སླར་ཡང་ཚེས་བཅུ་དྲུག་ཉིན་ཉེན་རྟོག་པས་ལྦ་ར་དགོན་པའི་ནང་ཡོང་ནས་དགེ་འདུན་པ་བགྲེས་པ་བསོད་ནམས་མགོན་པོ་དང་བཀྲ་རྒྱ་ཞེས་པ་གཉིས་འཛིན་བཟུང་བྱས་ནས་ཁོང་གཉིས་ལ་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་གཞི་བཟུང་དགེ་འདུན་པ་ཚོར་སློབ་གསོ་ཡག་པོ་སྤྲད་མེད་ལུགས་ཉེས་བཙུགས་བྱས་ཡོད་འདུག
རྩ་བའི་དེ་སྔ་ཕྱི་ལོ་༢༠༠༨ལོར་ལྦ་ར་དགོན་པའི་དགེ་འདུན་པ་རྣམས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱས་ནས་སྲོག་ལ་ཐུག་ཀྱང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་ཞུ་གི་མིན་ཞེས་གདོང་ལེན་བྱས་ཡོད་པ་རེད།
ད་རེས་དགེ་འདུན་པ་རྣམས་འཛིན་བཟུང་བྱས་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་སྦྲགས་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག།