རྒྱ་ནག་ཏུ་དམངས་གཙོ་དོན་གཉེར་བར་དམ་བསྒྲགས།
2011.03.14
༄༅༎ཧོང་ཀོང་ལ་རྟེན་གཞི་བྱེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་ནས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། ཉེ་ཆར་ནས་བཟུང་ཏུ་ནི་སི་ཡ་དང་གཞན་ཡང་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག་ནང་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་དྭོགས་གཞིའི་འོག་དམ་བསྒྲགས་ཆེན་པོ་བྱས་དང་བྱེད་བཞིན་པའི་ཁར་དམིགས་བསལ་དྲ་རྒྱའི་ནང་། གནས་ཚུལ་བཀོད་ཕྱོགས་ཐོག་དམ་བསྒྲགས་བྱས་ནས་མང་གཙོ་དོན་གཉེར་བ་མང་པོ་འཛིན་བཟུང་དོ་དམ་བྱེད་བཞིན་ཡོད་འདུག རྒྱ་ནག་གི་ཀྲེ་ཇེང་ཞིང་ཆེན་གྱི་ས་གནས་ཤིག་ཏུ་ཚོང་པ་གའོ་ལྦེ་དྲོང་ཞེས་པ་ཞིག་ནས་དྲ་རྒྱའི་ནང་། སྦ་སྤུའི་མེ་ཏོག་གི་སྒེར་ལངས་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པའི་སྐོར་བཀོད་པར་བརྟེན་ཁོ་པར་གཞུང་མགོ་རྟིང་བསློག་རྒྱུའི་ངན་བྱུས་བཤམས་ཀྱི་ཡོད་པའི་ཉེས་བཙུགས་ཀྱིས་འཛིན་བཟུང་དོ་དམ་བྱས་ཡོད་པ་དང་། དེའི་གོང་མང་གཙོ་དོན་གཉེར་བ་འགའ་ཤས་འཛིན་བཟུང་བྱས་ཡོད་འདུག
དེ་དང་ཕྱོགས་མཚུངས་མང་གཙོ་དོན་གཉེར་བ་མང་པོ་ཞིག་བཟང་བཙོན་ལྟབུ་བཞག་ནས་ཁོང་ཚོའི་ཐོག་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་འདུག དམིགས་བསལ་རྒྱལ་ས་པེ་ཅིང་ནང་། རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་ཚོགས་ཀྱི་ཡོད་པའི་དུས་ཚོད་ལ་བརྟེན་དམག་མི་དང་ཉེན་རྟོག་མི་སྣ་ཁྲི་ཕྲག་མང་པོ་དཔུང་འཇོག་བྱས་ནས་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ཡོད་པ་སོགས་འདས་པའི་རེས་གཟའ་ཉི་མ་གསུམ་ཙམ་རིང་རྒྱལ་ས་པེ་ཅིང་དང་ཧྲང་ཧའེས་གཙོས་གྲོང་ཁྱེར་ཆེ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཉེན་ཁ་མཐོང་ནས་དམ་བསྒྲགས་ཤུགས་ཆེན་པོ་བྱས་ཡོད་པ་བཅས་རྒྱ་ནག་དཔོན་རིགས་ཚོས་དཀྱིལ་ཤར་ཡུལ་གྲུ་དང་། བྱང་ཨཕ་རི་ཀའི་ཡུལ་གྲུ་ཁག་གི་སྲིད་དབང་གཅིག་སྡུད་ཀྱི་སྲིད་གཞུང་ལ་མི་མང་ནས་མི་འདོད་པའི་རྣམ་འགྱུར་བསྟེན་ནས་བཅོས་བསྒྱུར་གཏོང་དགོས་པའི་ལས་འགུལ་སྤེལ་ནས་གང་འཚམས་ཤིག་ནང་འགྱུར་བ་ཐེབས་ཟིན་ཡོད་སྟབས་རྒྱ་ནག་ནང་དུའང་དེ་ལྟར་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཡོང་ངམ་བསམ་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།