རྒྱ་ནག་གིས་ཉི་ཧོང་ནོ་བེལ་མཛད་སྒོར་མི་ཞུགས་པའི་རེ་འདུན།
2010.11.10
༄༅༎རྒྱ་ནག་གཞུང་གིས་ད་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ནོར་ཝེ་རུ་ ད་ལོའི་ནོར་བེལ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་བཙོན་འཇུག་བྱེད་བཞིན་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལིའུ་ཞའོ་ཕོའོ་ལ་འབུལ་བཞེས་ཀྱི་མཛད་སྒོ་ཚུགས་ཀྱི་ཡོད་པའི་ཐོག་ཉི་ཧོང་གཞུང་གི་དཔོན་རིགས་མཉམ་བཞུགས་མི་ཡོང་བའི་དགོས་འདུན་བཏོན་ཡོད་པའི་སྐོར་ཉི་ཧོང་ཕྱི་སྲིད་བློན་ཆེན་ནས་གསུང་ཡོད་པ་དང་། ཁོང་གིས་གནད་དོན་དེ་བརྒྱུད་ནས་ཉེ་བའི་ཆར་རྒྱ་ནག་དང་ཉི་ཧོང་དབར་གྱི་ཛ་དྲག་གི་འབྲེལ་ལམ་དེ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུའི་སྐུལ་འདེད་ཡོང་སྲིད་པ་གསུངས་འདུག་ལ་ ཕྱི་སྲིད་བློན་ཆེན་སེ་ཇི་མེ་ཧ་ར་མཆོག་གིས་གཟའ་མིག་དམར་ཉིན་ཉི་ཧོང་གི་གྲོས་ཚོགས་ཐོག་གསལ་བཤད་གནང་བར་ རྒྱ་ནག་གཞུང་གིས་རྒྱལ་ས་ཀྲོག་ཁྱོར་དང་ ནོར་ལྦེ་གཉིས་སུ་ཡོད་པའི་ཉི་ཧོང་གི་གཞུང་ཚབ་དང་འབྲེལ་བ་བྱས་པ་བརྒྱུད་ ཉི་ཧོང་གི་གཞུང་འབྲེལ་མི་སྣ་གཅིག་ཀྱང་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་འབྲེལ་བ་གང་ཡང་མེད་པ་གནང་ཞེས་འབོད་སྐུལ་གནང་ཡོད་པ་བདེན་པ་རེད་ཅེས་དང་ ང་ཚོས་གནད་དོན་དེའི་ཐོག་ཐག་གཅོད་མ་འཕྱུག་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག ཉེ་བའི་ཆ་ནས་རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཁོངས་རྟོགས་ཡུལ་གྲུ་རྣམས་ཀྱིས་ལིའུ་ཞའོ་ཕོའོ་ལ་རྒྱབ་སྐྱོར་གནང་རྒྱུར་ཉེན་རྡ་བཏང་ནས་ དེ་ལྟར་བྱེད་ཡས་དེས་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ལ་དམའ་འབེབས་བྱས་པ་ཞིག་ཡིན་ལུགས་བརྗོད་ཀྱི་ཡོད་པ་མ་ཟད་རྒྱ་ནག་གི་འབྲེལ་ཡོད་གཞུང་འབྲེལ་གྱི་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་རྒྱ་ནག་གཞུང་གིས་ནོར་ལྦེ་ཡི་རྒྱལ་ས་ཨོ་སི་ལོ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་ཡི་གེ་བཏང་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཐོག་བསྐྱོད་མི་ཆོག་པའི་རྡ་ཐོ་ཡང་བཏང་ཡོད་པ་རེད་