རྒྱལ་སྤྱིའི་ནང་་རྒྱ་ནག་ལ་མཐོང་ཚུལ་ལེགས་པོ་མེད་པ།
2012.02.17
༄༅།།རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ལས་དོན་ཆེད་ཨ་རིའི་ཌོ་ལར་ཐེར་འབུམ་མང་པོ་འགྲོ་གྲོན་གཏོང་བཞིན་པར་མི་ལྟོས་པར་་ད་དུང་རྒྱ་ནག་ཐོག་རྒྱལ་སྤྱིའི་ནང་གཟིགས་ཚུལ་ལེགས་པོ་མེད་པ་དེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ལ་ཁག་དཀྲི་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་དེང་རྒྱ་ནག་ནང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་བཞི་བརྒྱ་ཙམ་གྱི་གསར་འགོད་པ་གྲངས་དགུ་བརྒྱ་ཙམ་རྒྱ་ནག་ནང་ཡོད་པ་དེ་དག་གིས་གསར་འགོད་བྱེད་ངན་ཕྱོགས་ནས་བྱས་པའི་དབང་གིས་རྒྱ་ནག་ལ་མཐོང་ཚུལ་ངན་པ་ཡོང་རྐྱེན་ཡིན་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།
གོང་ཞུས་གནད་དོན་དེ་དག་བདུན་ཕྲག་འདིའི་ནང་རྒྱ་ནག་རྒྱལ་ས་པེ་ཅིང་དུ་གསར་འགོད་པ་འདུ་འཛོམས་གནང་སྟེ་མི་མཐུན་པའི་དཀའ་གནད་རྣམས་སེལ་ཐབས་སྐབས་གླེང་སློང་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་དམ་བསྒྲགས་ཅི་ཆེ་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་བོད་དང་ཤིན་ཅང་སོགས་རྒྱ་ནག་གཞུང་ལ་ངོ་རྒོལ་ཟིང་ཆ་ཡོད་པའི་ས་གནས་སུ་གསར་འགོད་པ་འགྲོ་འོང་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དེང་བོད་ནང་ཁ་པར་དང་དྲ་རྒྱ་སོགས་ལ་བཀག་སྡོམ་བྱས་ཏེ་བོད་ནང་གི་གནས་ཚུལ་རྒྱལ་སྤྱིའི་ནང་ཤེས་རྟོགས་དཀའ་བའི་གནས་སྟངས་བཟོས་ཡོད་པ་རེད། རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གསར་འགོད་ཚོགས་པས་བོད་ནང་གསར་འགོད་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་ལ་ཞི་རྒོལ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཆེ་ཐོངས་ལེགས་སུ་གཏོང་ཆེད་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཆེས་མང་པོ་གསར་འཛུགས་དང་འབྲེལ་གཞུང་གྲོན་ཕོན་ཆེ་གཏོང་འགོ་ཚུགས་པ་རེད། རྩ་བའི་རྒྱ་ནག་ནང་གསར་ཤོག་གྲངས་དགུ་ཁྲི་བརྒྱད་བརྒྱ་བརྒྱད་ཅུ་གྱ་བཞི་དང་། བརྙན་འཕྲིན་གྲངས་ཆིག་སྟོང་དྲུག་བརྒྱ། རླུང་འཕྲིན་གྲངས་ཉིས་སྟོང་བཅས་ཡོད་ཀྱང་དེ་དག་ཚང་མར་དམ་བསྒྲགས་ཤིན་ཏུ་ཆེན་པོ་ཡོད་པ་རེད།