ཨི་ཇིབ་ཀྱི་སྐོར་རྒྱ་ནག་ཏུ་དྲ་རྒྱ་བཀག་སྡོམ།
2011.02.08
༄༅༎དེང་སྐབས་ཨི་ཇིབ་ཡུལ་གྲུའི་ནང་གཞུང་བཅོས་བསྒྱུར་གཏོང་དགོས་པའི་ལས་འགུལ་སྤེལ་བར་བརྟེན་ནས་རྒྱ་ནག་གཞུང་གིས་དེ་སྔ་རྒྱ་ནག་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་ལྟར་ཡོང་རྒྱུའི་འཇིགས་སྣང་གིས་མི་བཟོད་པར་རྒྱ་ནག་མི་དམངས་ལ་ཨི་ཇིབ་ནང་གི་ངོ་རྒོལ་ལས་འགུལ་གྱི་གསར་འགྱུར་རིགས་དྲ་རྒྱའི་ནང་ནས་ལྟ་ཀློག་བྱེད་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པ་རེད།
དེ་སྔ་ཕྱི་ལོ་༡༩༨༩ལོར་རྒྱ་ནག་གི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གིས་དམངས་གཙོའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་ཏེ་མི་ལོ་༢༠ ལྷག་འགྲོ་གི་ཡོད་ནའང་རྒྱ་ནག་གཞུང་གིས་ཨི་ཇིབ་ཀྱི་རྒྱལ་ས་ཀའེ་རོའོ་ཡི་ཊ་རིར་ཐང་ཆེན་ཐོག་མི་དམངས་ཀྱིས་སྲིད་འཛིན་དགོངས་ཞུ་བྱ་དགོས་ཞེས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་རིགས་རྒྱ་ནག་ནང་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་དང༌། དེ་ཡང་རྒྱ་ནག་གཞུང་ཕྱོགས་ནས། རྒྱ་ནག་ནང་དར་གསོ་ཤིན་ཏུ་ཆེ་བའི་དྲ་རྒྱ་ཁག་གཉིས་པོའི་ནང་ཨི་ཇིབ་ཅེས་པའི་མིང་ཚིག་འཚོལ་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པ་ནི། དར་གསོ་ཆེ་བའི་དྲ་རྒྱ་དཔེར་ན། Sina.com དང། དེ་བཞིན་Sohu.com གཉིས་ནང་ཡོ་རོབ་ཀྱི་རྒྱལ་ཁབ་འཇར་མ་ནི་དང་ཕེ་རན་སི་འཚོལ་བའི་སྐབས་རྒྱལ་ཁབ་དེ་གཉིས་ཀྱི་མིང་ཚིག་མཐོང་རྒྱུ་ཡོད་པ་མ་ཟད། གནས་ཚུལ་རྣམས་བལྟ་ཀློག་བྱེད་ཐུབ་པ་རྒྱུན་ལྡན་ལྟར་ཡིན་ཞིང༌། འོན་ཀྱང་དྲ་རྒྱ་དེ་གཉིས་ཐོག་ཨི་ཇིབ་ཅེས་པའི་མིག་ཚིག་འཚོལ་བའི་སྐབས་མིང་ཚིག་ཀྱང་མཐོང་རྒྱུ་མེད་ལ་དེའི་སྐོར་གྱི་གནས་ཚུལ་ཡང་རྩ་བ་ནས་བལྟ་ཀློག་བྱེད་མ་ཐུབ་པར་བཀག་འགོག་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་བརྙན་འཕྲིན་དང་ཤིང་ཧྰ་གསར་ཤོག་ཐོག་ལ་ཨི་ཇིབ་ཀྱི་གནད་དོན་སྐོར་གཏོང་སྤེལ་བྱས་ཡོད་ཀྱང༌། གནས་ཚུལ་གཏོང་སྤེལ་བྱས་པ་དེ་དག་ནི། རྒྱ་ནག་མི་དམངས་ཚོར་ཐོག་མ་ཉིད་ནས་སེམས་ནང་ཨི་ཇིབ་སྲང་ལམ་ཐོག་ཁྲིམས་མེད་ལུང་མེད་ཀྱི་ཟང་ཟིང་གི་ཚོར་བ་སྐྲུན་ཐབས་ཁོ་ན་འབད་བརྩོན་བྱས་ཡོད་པ་རེད།