རྒྱ་ནག་གིས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་གནམ་ཐང་དུ་བཀག་འགོག།

རྒྱ་ནག་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དེང་རབས་ཀྱི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་པེ་ཅིང་གནམ་ཐང་ནས་བཀག་འགོག།

2011.04.03

༄༅༎རྒྱ་ནག་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དེང་རབས་ཀྱི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་དེ་རིང་ཧོང་ཀོང་དུ་ཐོན་པའི་སྐབས་པེ་ཅིང་གནམ་ཐང་ནས་བཀག་འགོག་བྱས་པ་མ་ཟད། རྒྱ་ནག་ཉེན་རྟོག་པས་ཁོང་གི་པེ་ཅིང་དུ་ཡོད་པའི་ལས་ཁུངས་ཡང་བསྔོག་བཤེར་བྱས་ཡོད་པའི་སྐོར། ཁོང་གི་ལས་རོགས་ཤིག་གིས་ཨེ་པི་གསར་འགྱུར་ལས་ཁང་ལ་གསུངས་ཡོད་པ་རེད།

ཨའེ་ལྦེ་ལྦེ་ཁོང་ནི་རྒྱུན་དུ་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་དངོས་ཤུགས་རྒྱུད་གསུམ་ནས་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ཞིང༌། དེ་རིང་ཁོང་གི་ལས་རོགས་མཚན་གསུང་འདོད་མེད་པ་ཞིག་གིས། ཨའེ་ལྦེ་ལྦེ་དེ་རིང་སྔ་དུ་ཧོང་ཀོང་དུ་འགྲོ་རྒྱུར་པེ་ཅིང་རྒྱལ་སྤྱིའི་གནམ་ཐང་གི་ལག་འཁྱེར་ཞིབ་བཤེར་བྱེད་ཡུལ་དུ་བསྐྱོད་པའི་སྐབས། རྒྱ་མིའི་དཔོན་རིགས་གཉིས་ཡོང་སྟེ་ཧོང་ཀོང་དུ་འགྲོ་བསྐྱོད་ལ་བཀག་འགོག་བྱས་པ་དང༌། ཡིན་ནའང་ད་ལྟའི་ཆར་ཁོང་མུ་མཐུད་དོ་དམ་བཀག་ཉར་བྱེད་མུས་ཡིན་མིན་དང༌། ཧོང་ཀོང་དུ་བསྐྱོད་མི་ཆོག་པའི་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་གསལ་པོ་མེད་པའི་སྐོར་དང༌། ད་དུང་ཁོང་གི་ལག་འཁྱེར་ཁ་པར་ཐོག་འབྲེལ་བ་བྱེད་ཐུབ་ཀྱི་མེད་པའི་ཁར་གནམ་ཐང་གི་ཉེན་རྟོག་པར་གནས་ཚུལ་འདྲི་རྩད་བྱེད་པའི་སྐབས་ལན་འདེབས་བྱེད་ཀྱི་མེད་པའི་འགྲེལ་བརྗོད་བྱས་པ་མ་ཟད། ཨའེ་ལྦེ་ལྦེ་བཀག་འགོག་བྱས་པའི་རྗེས། ཉེན་རྟོག་པ་པེ་ཅིང་དུ་ཡོད་པའི་ལས་ཁང་དུ་ཡོང་སྟེ། ལས་ཁང་གཉེར་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་ཡོད་མེད་ཞིབ་བཤེར་བྱས་པ་དང༌། ལས་བྱེད་པ་ཁག་ཅིག་གནས་ཚུལ་འདྲི་རྩད་ཀྱི་ཆེད་དུ་ཉེན་རྟོག་ཁང་དུ་ཁྲིད་བའི་ཁོངས་སུ་ཁོང་རང་ཡང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཨའེ་ལྦེ་ལྦེ་ནི། སྒྱུ་རྩལ་བ་ཞིག་ཡིན་ཞིང༌། ན་ནིང་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ནོར་ལྦེའི་རྒྱལ་ས་ཨོ་སི་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག་ཁོང་མཉམ་ཞུགས་བྱེད་དུ་མགྲོན་འབོད་བྱས་པའི་གནས་ཚུལ་བྱུང་བའི་རྗེས། ཕྱི་ཟླ་༡༡པའི་ནང་ཁོང་ལྷོ་ཀོ་རི་ཡར་འགྲོ་བསྐྱོད་བྱེད་པའི་སྐབས་གནམ་ཐང་ནས་བཀག་འགོག་བྱས་ཏེ། ཉེན་རྟོག་པས་ཁོང་ལ་ཡིག་འཛར་ཞིག་མིག་སྟོན་པའི་ནང་ཁྱེད་རང་ཕྱི་རྒྱལ་དུ་འགྲིམས་འགྲུལ་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་རྒྱུ་རེད་ཅེས་བྲིས་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་དྲ་རྒྱའི་ཐོག་དཀྱིལ་ཤར་ཡུལ་གྲུའི་མི་དམངས་ཀྱི་དམངས་གཙོའི་ལས་འགུལ་ལྟར་རྒྱ་ནག་ནང་དུ་སྤེལ་དགོས་པའི་སྐུལ་སློང་གི་གནས་ཚུལ་སྤེལ་བ་ནས་བཟུང་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང༌། རྩོམ་བྲིས་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཤུགས་ཆེ་རུ་བཏང་སྟེ། མི་བཅུ་གྲངས་ཤིག་འཛིན་བཟུང་བྱས་པ་དང་དོ་དམ་བྱེད་མུས་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎