ཕེ་རན་སིའི་སྲིད་འཛིན་ནས་༸གོང་ས་མཆོག་དང་མཇལ་འཆར།
2008.08.14
༄༅༎ཕེ་རན་སིའི་བློན་ཆེན་ཞིག་གིས་རིང་མིན་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་རྒྱལ་ས་ པེ་རིསི་ནང་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་མི་སྣ་ཚོའི་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་པའི་སྐབས་དེར། སྲིད་འཛིན་ནི་ཀོ་ལ་སེ་ སར་ཀོ་ཛི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་པའི་བཀའ་མོལ་གསུང་པའི་ཉིན་གཅིག་རྗེས། ཁ་ས་རྒྱ་ནག་གིས་རྣོ་ངར་ཆེ་བའི་བོད་ཀྱི་གནད་དོན་ཐད་ཕེ་རན་སི་ཡུལ་གྱིས་ཟབ་ནན་གནང་དགོས་ཀྱི་རེད་ཅེས་བརྗོད་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང༌། རྒྱ་ནག་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་མེད་པ་དང་གསལ་པོ་ཡིིན་སྟབས། ཕེ་རན་སི་ཕྱོགས་ནས་རྒྱ་ནག་གི་བློ་འཚབ་ལ་དོ་སྣང་དང་འབྲེལ་ཡོད་གལ་གནད་ཆེ་བ་དང་རྣོ་ངར་ཅན་གྱི་གནད་དོན་ཐད་ཟབ་ནན་གནང་བའི་རེ་བ་ང་ཚོས་བྱེད་ཀྱི་ཡོད་ཅེས་དང༌། ཕེ་རན་སི་ངོས་ནས་རྒྱ་ནག་མཉམ་འབྱུང་འགྱུར་དཀྲོག་རྐྱེན་གྱི་གནས་ཚུལ་མི་ཡོང་བའི་ཐབས་ཤེས་མཉམ་རུབ་གནང་དགོས་རྒྱུ་དང་རྒྱ་ནག་དང་ཕེ་རན་སི་གཉིས་དབར་འབྲེལ་བ་བཟང་པོ་དང་སྲ་བརྟན་ཞིག་ཡོང་རྒྱུའི་འགན་སྲུང་གནང་དགོས་ཀྱི་རེད་ཅེས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་བཀོད་འདུག
འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཆོལ་ཁ་གསུམ་ནང་གི་བོད་མི་ཚོས་རྒྱ་མིའི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་རྒྱ་ཁྱབ་ཏུ་གནང་བའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པའི་གནས་ཚུལ་བྱུང་བ་དེར། ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་ཐུགས་འཚབ་གསལ་བཏོན་དང་འབྲེལ་སྐབས་དེར་ པེ་ཅིང་ནང་གི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོའི་ཐོག་ཕེབས་རྒྱུ་མིན་པའི་བཀའ་མོལ་གསུང་པ་དེར་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོ་བྱས་པའི་རྗེས། ཕེ་རན་སི་ཕྱོགས་ནས་རྒྱ་ནག་མཉམ་འབྲེལ་བ་བཟང་དུ་གཏོང་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་དགོས་བྱུང་བ་རེད།