རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པའི་དྲི་ལན་གཏམ་བཤད་སྐོར།

རྒྱ་ནག་གིས་བོད་རང་བཙན་གྱི་འདོད་ཚུལ་ལ་ངོ་རྒོལ་ཁ་གཏད་ཀྱི་ལངས་ཕྱོགས་བཟུང་པ་དེར་གདུང་སེམས་མཉམ་སྐྱེད་ཞུ་དགོས་བཤད་འདུག

2009.11.12

༄༅༎ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཁོང་མི་རིགས་ནག་པོ་ཡིན་པའི་ཆ་ནས་དེ་སྔ་སྲིད་འཛིན་ཨེབ་རེ་ཧེམ་ལིན་ཁེན་གྱིས་ཨ་རིའི་ནང་བྲན་གཡོག་ལམ་ལུགས་མེད་པ་བཟོས་པ་དེར་བསྔགས་བརྗོད་ཞུས་པ་ནང་བཞིན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་བོད་རང་བཙན་གྱི་འདོད་ཚུལ་ལ་ངོ་རྒོལ་ཁ་གཏད་ཀྱི་ལངས་ཕྱོགས་བཟུང་པ་དེར་གདུང་སེམས་མཉམ་སྐྱེད་ཞུ་དགོས་སྐོར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་གང་གིས་རེས་གཟའ་ཕུར་བུའི་ཉིན་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་འདུག

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་གཏམ་བཤད་དེ་ནི་རིང་མིན་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་པའི་སྐབས་སྲིད་འཛིན་མཆོག་ནས་བོད་ཀྱི་གནད་དོན་གླེང་སློང་མི་གནང་བའི་གནོན་ཤུགས་སྤྲོད་ཐབས་ཡིན་པ་རེད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་ཨེབ་རེ་ཧེམ་ལིན་ཁེན་མཆོག་ནས་བྲན་གཡོག་ལམ་ལུགས་མེད་པ་བཟོ་རྒྱུའི་གནད་དོན་ལ་རྐྱེན་པས་རྒྱལ་ནང་དམག་འཁྲུག་གི་དོན་རྐྱེན་དང་བོད་རྒྱ་ནག་ནས་ཁ་བྲལ་གྱི་འདོད་ཚུལ་གཉིས་གནད་དོན་གཅིག་མཚུངས་ལྟ་བུ་ཡིན་ལུགས་དང་རྒྱུ་མཚན་དེ་དག་གི་ཐོག་ནས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་དོན་ཐད་རྒྱ་ནག་གི་ལངས་ཕྱོགས་ལ་བསམ་ཞིབ་གནང་དགོས་སྐོར་བརྗོད་ཡོད་པ་རེད། སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཁོང་སྲིད་འཛིན་གྱི་མཛད་འགན་བཞེས་སྐབས་སྲིད་འཛིན་ཨེབ་རེ་ཧེམ་ལིན་ཁེན་མཆོག་ནས་བྲན་གཡོག་གི་ལམ་ལུགས་རྩ་མེད་བཟོས་པའི་མཛད་བྱུས་ལ་བརྟེན་ནས་མི་རིགས་ནག་པོ་ཞིག་ད་ཆ་ཨ་རིའི་སྲིད་འཛིན་དུ་འོས་འདེམས་ཀྱི་གོ་སྐབས་བསྐྲུན་པའི་སྐོར་རྗེས་སུ་ཡི་རང་གི་བསྔགས་བརྗོད་ཞུས་གནང་པ་དེ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ལུངས་འདྲེན་བྱས་ཏེ་ཨེབ་རེ་ཧེམ་ལིན་ཁེན་མཆོག་ནས་ཨ་རིའི་རྒྱལ་ཁག་གཅིག་སྒྲིལ་དང་ས་ཁྱོན་གྱི་བདག་དབང་སྲུང་སྐྱོབ་སླད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་རྗེས་ཀྱི་བཞེངས་ཕྱོགས་དེ་བོད་ཐོག་རྒྱ་ནག་གཞུང་གིས་འཛིན་པའི་ལངས་ཕྱོགས་དང་ཁྱད་མེད་གཅིག་མཚུངས་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཉེ་སྔོན་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མ་གནང་ཡང་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ནང་མཇལ་འཕྲད་གནང་འཆར་གཞིར་བཟུང་དངོས་སུ་མཇལ་འཕྲད་གནང་ཚེ་དེས་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་ཤུགས་རྐྱེན་ཇེ་འདྲ་ཐེབས་བཟོ་ཡོད་མིན་སྐོར་ཕྱི་རྒྱལ་གསར་འགོད་པ་ཚོས་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པར་བཅར་འདྲི་བྱེད་སྐབས་ཆིན་ཀང་གིས་ཕྱིའི་རྒྱལ་ཁབ་ཀྱི་དབུ་འཁྲིད་སུ་འདྲ་ཞིག་རུང་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུར་རྒྱ་ནག་གིས་དུས་རྟག་ཏུ་ངོ་རྒོལ་བྱེད་པ་དང་བོད་ཀྱི་གནད་དོན་འདི་བཞིན་རྒྱ་ནག་གི་བདག་དབང་དང་འབྲེལ་བའི་གཞི་རྩའི་ལངས་ཕྱོགས་ཤིག་ཡིན་པར་སོང་ཨ་རི་གཞུང་ནས་དེར་བརྩི་བཀུར་ཞུ་དགོས་ལུགས་ལན་འདེབས་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎