བོད་ཀྱི་ས་ཁུལ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
2009.03.11
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྐོར་དེ་རིང་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་འདུག
དེ་ཡང་བོད་ཀྱི་ནུབ་ཕྱོགས་མངའ་ཁུལ་ཁག་ཏུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་བཀག་སྡོམ་བྱས་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་བརྗོད་པ་བཞིན་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས་ངོ་རྒོལ་གྱི་ལས་འགུལ་སོགས་བཀག་སྡོམ་བྱ་རྒྱུའི་ཆེད་དུ་བོད་ཀྱི་ས་ཁུལ་ཁག་ནང་བདེ་འཇག་གི་སྲུང་སྐྱོབས་སོགས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ལུགས་དེ་རིང་རེས་གཟའ་ལྷག་པའི་ཉིན་གཞུང་འབྲེལ་གསལ་སྟོན་བྱས་ཡོད་པ་རེད། དེ་ག་ནང་བཞིན་ཡང་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་གཡས་གཡོན་དང་དེ་བཞིན་དེ་ཁུལ་གྱི་ས་ཁུལ་ཁག་ཏུ་དམག་དོན་གྱི་ལས་དོན་ལ་ནུས་པ་ཐོན་པའི་ཉེན་རྟོག་དམག་མི་མང་པོ་འགྲེམས་འཇོག་བྱས་པ་སོགས་བདེ་འཇག་གི་སྲུང་སྐྱོབ་ལས་དོན་སོགས་ཀྱི་ཐོག་ནས་དེ་ཁུལ་དུ་ཉེན་ཁ་མེད་པའི་ཚོར་སྣང་ཆེན་པོ་བྱུང་ཞེས་སྣེ་བཤད་པ་ཐུབ་བསྟན་བསྟན་འཛིན་ཞུ་བས་གསར་འགོད་པར་བརྗོད་འདུག སྤྱིར་བཏང་ན་ནིང་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནས་བཟུང་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་ནག་ནས་དམིགས་བསལ་གྱི་དམག་མི་མང་པོ་འགྲེམས་འཇོག་བྱས་པའི་ཐོག་བོད་ཀྱི་ས་མཚམས་ཁག་ཏུ་ཡང་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་པ་མ་ཟད་ད་དུང་ཡང་རྒྱ་ནག་གཞུང་གི་བརྗོད་པ་ལྟར་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་དམིགས་ནས་བོད་ནང་བདེ་འཇག་སྲུང་སྐྱོབ་ཆེད་དེ་བས་ཀྱི་དམག་དཔུང་འགྲེམས་འཇོག་བྱེད་རྒྱུ་ལ་སོགས་པའི་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད༎