བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་དམ་བསྒྲགས།
2011.03.07
༄༅༎བོད་ནང་གི་འགྲིམས་འགྲུལ་ལས་ཁང་ཁག་གིས་ཟླ་བ་འདིའི་ནང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་བྱས་ཡོད་སྐོར་གསུང་ཡོད་པ་རེད་ རྒྱ་གཞུང་གིས་བོད་ནང་གི་འགྲིམས་འགྲུལ་ལས་ཁང་ཁག་ལ་ཕྱི་ཟླ་གསུམ་པ་དེ་བཞིན་བོད་མིའི་ས་བྱི་ལོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེའི་དུས་སྐབས་འཁེལ་གྱི་ཡོད་སྟབས་ཕྱི་རྒྱལ་བ་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་འཇུག་རྒྱུ་མིན་པའི་དམ་བསྒྲགས་བྱས་སྐོར་བརྗོད་ཀྱི་ཡོད་པ་རེད་ རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་འགྲིམས་འགྲུལ་ལས་ཁང་ཞིག་གིས་ལས་བྱེད་བུད་མེད་ལི་ཅན་ཡུའེ་ཞེས་པ་ཞིག་གིས་གོང་ཞུས་རྒྱ་གཞུང་གི་བཀོད་འདོམས་དེ་ངག་ཐོག་ནས་སྤྲད་པ་ཞིག་ཡིན་པ་དང་དེའི་རྒྱུ་མཚན་ནི་གཞུང་ཕྱོགས་ནས་བཀོད་འདོམས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་དང་འགྲེལ་བཤད་རྒྱབ་དགོས་མེད་པའི་རྒྱུ་མཚན་ཡིན་པ་རེད་ཅེས་བརྗོད་འདུག
ཁོ་མོས་གོང་ཞུས་ཀྱི་བཀོད་འདོམས་དེ་ཉིན་ཤས་སྔོན་བྱུང་སྐོར་དང་གཞུང་ཕྱོགས་ནས་ཕྱི་རྒྱལ་བའི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་ཟླ་བ་འདིའི་ནང་ལེན་ཆོག་གི་མེད་སྐོར་བརྗོད་བྱུང་ཞེས་གསུང་འདུག ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འགྲུལ་བསྐྱོད་ཀྱི་ཚོང་ལས་གཉེར་མཁན་ཚན་པ་ཞིག་གི་རྒྱ་རིགས་ལས་བྱེད་པ་ལི་ཅའང་ཞེས་པ་ཞིག་གིས་ཁོ་པའི་ལས་ཁང་ལ་ཕྱི་རྒྱལ་གྱི་འགྲུལ་པ་ལེན་མི་ཆོག་པའི་བཀོད་རྒྱ་དེ་འདི་ལོའི་ཕྱི་ཟླ་དང་པོའི་ནང་བྱུང་སྐོར་གསུང་འདུག ཨེཔི་གསར་འགྱུར་ལས་ཁང་གིས་རྒྱ་གཞུང་གི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་ཡུལ་བསྐོར་སྤྲོ་འཆམ་དང་ཕྱི་སྲིད་ལས་ཁུངས་ལ་གནད་དོན་འདིའི་སྐོར་འདྲི་རྩད་གནང་སྐབས་ལས་ཁུངས་དེའི་མགྲིན་ཚབ་པ་རྒྱ་རིགས་ཕུའུ་ཅན་ཞེས་པ་ཞིག་གིས་གོང་ཞུས་ཀྱི་དམ་བསྒྲགས་དེའི་སྐོར་འདྲི་བ་ལེན་པ་དང་དེའི་ཐོག་ཞིབ་འཇུག་བྱེད་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད་ རྒྱ་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་བསྐྱོད་མི་འཇུག་པའི་རྒྱུ་མཚན་ནི་བོད་ནང་གི་བོད་མི་ཚོས་དུས་དྲན་སྲུང་བརྩིའི་ཐོག་འཆར་ཅན་བཞིན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་དྲག་གནོན་བྱེད་པ་དེ་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་ཀྱིས་མིག་མཐོང་དཔང་རྟགས་མི་ཡོང་བའི་ཆེད་ཡིན་པ་མངོན་གསལ་ཡིན་པ་རེད་