ཁྲིམས་འགལ་གྱི་ནང་ཆོས་དར་སྤེལ་ལ་སྔོན་འགོག་དགོས་ཟེར།
2017.01.30
རྒྱ་ནག་གི་དཔོན་རིགས་ཚོར་བོད་བརྒྱུད་ནང་བསྟན་དར་ཁྱབ་འཕེལ་རྒྱས་སུ་འགྲོ་བཞིན་པར་སེམས་ཁྲལ་ཡོང་བཞིན་ཡོད་འདུག
རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་རྒྱ་ནག་ནང་ནང་བ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་དོན་དུ་བོད་བརྒྱུད་ནང་བསྟན་དར་ཁྱབ་འཕེལ་རྒྱས་སུ་འགྲོ་བཞིན་པར་སེམས་ཁྲལ་ཡོད་འདུག
དེ་ཡང་(SundayGuardianlive.com)ཞེས་པའི་དབྱིན་ཡུལ་གྱི་དྲ་ལམ་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གི་ནང་པའི་ཆོས་ཚོགས་ཚོགས་པས་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་ནང་ཁྲིམས་འགལ་སྒོ་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བཞིན་པ་དག་སྔོན་འགོག་དང་། དམ་བསྒྲགས་བྱེད་དགོས་པའི་ལམ་སྟོན་བཀོད་ཁྱབ་ཞིག་བཏང་ཡོད་ཅིང་། དེ་ནི་གཙོ་བོ་རྒྱ་ནག་ནང་དམ་བསྒྲགས་བཀག་སྡོམ་མེད་པར་བོད་བརྒྱུད་ནང་བསྟན་དར་འཕེལ་ཤུགས་ཆེ་འགྲོ་བཞིན་པ་དེར་འདས་པའི་ཟླ་བ་འགའ་ཤས་རིང་རྒྱ་ནག་དམར་ཤོག་ཚོགས་པའམ་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཚོར་དངངས་ཚབ་ཆེན་པོ་བྱུང་བར་བརྟེན་ནས་ཡིན་པ་དང་། དེའི་ཁ་སྣོན་དུ་རྒྱ་མིས་བོད་རང་སྐྱོང་ལྗོངས་ཅེས་འབོད་པ་དང་བོད་མི་གནས་ཡུལ་ས་ཁུལ་ཙམ་མ་ཟད། རྒྱ་ནག་ནང་ལ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་ནམ་བྱིན་མཐུ་དར་ཁྱབ་འགྲོ་བཞིན་པར་སེམས་ཁྲལ་ཆེན་པོ་ཡོད་པའི་དབང་གིས་ཡིན་པ་དང་། དེ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་མི་སྤྱི་དང་ལྷག་དོན་དུ་བོད་པའི་དགེ་འདུན་པ་རྣམས་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་བཏང་འཛིན་དོ་དམ་དུ་གཏོང་རྒྱུའི་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུའི་འབད་བརྩོན་བྱེད་མུས་ཡིན་འདུག
འདས་པའི་ལོ་༢༠་ཙམ་རིང་རྒྱ་ནག་ནང་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་ལྷག་དོན་དུ་བོད་བརྒྱུད་ནང་བསྟན་ལ་དད་གུས་ཡིད་ཆེས་བྱེད་མིའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་ཅིང་། རྒྱ་ནག་ནང་གི་ནང་པའི་གྲངས་འབོར་བརྒྱ་ཆ་དེ་བཞིན་ཕྱི་ལོ་༢༠༡༥་བར་བརྒྱ་ཆ་༥་ནས་༡༨་བར་འཕར་ཆ་བྱུང་ཡོད་པ་དང་། དེ་ལྟར་དར་འཕེལ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༦་ནས་༢༠༠༧་བར་ཆོས་ལུགས་ཐོག་དམ་བསྒྲགས་བྱ་རྒྱུ་ལྷོད་ཡངས་བཏང་བའི་སྟབས་ཀྱིས་ཡིན་འདུག
ད་ལྟའི་འཆར་རྒྱ་ནག་ནང་ནང་པ་སངས་རྒྱས་པའི་ཆོས་ལ་དད་གུས་ཡིད་ཆེད་བྱེད་མཁན་རྒྱ་རིགས་ས་ཡ་༣༠༠་ལྷག་ཙམ་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་དོ་དམ་མེད་པའི་ཚོགས་པ་གང་འདྲ་ཞིག་ཡར་རྒྱས་གོང་འཕེལ་ཕྱིན་ན་ཚོགས་མི་ས་ཡ་༨༨་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་དབང་ཆ་རྐྱང་འཛིན་ལ་ཚོགས་པ་དེ་ཉེན་ཁ་བཟོ་མཁན་དུ་རྩིས་ནས་དམ་བསྒྲགས་བྱེད་ཀྱི་ཡོད་པ་རེད།
དེ་སྔོན་ཧྥ་ལུང་གོང་རྒྱ་ནག་ནང་དར་ཁྱབ་ཆེན་པོ་བྱུང་ནས་དེའི་རྗེས་འབྲངས་པ་མི་གྲངས་ས་ཡ་༡༠༠་ཆགས་དུས་རྒྱ་གཞུང་གིས་ལོ་༡༠་རིང་དེའི་ཐོག་རྒྱ་ནག་རྒྱལ་ཡོངས་ནང་རྡུང་རྡེག་ཚ་ནན་བཏང་བའི་རྐྱེན་གྱིས་ད་ཆ་རྒྱ་ནག་ནང་དེའི་རྗེས་ཤུལ་ཉུང་ཤས་ལས་ལྷག་མེད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།