རྒྱ་ནག་དཔོན་རིགས་ནས་ཚད་འཛིན་ཡིག་ཆ་ཞིག་འགྲེམས་སྤེལ།
2010.02.24
༄༅༎རྒྱ་ནག་དབུས་གཞུང་གིས་རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་དང་ལས་བྱེད་ཚོས་ཡ་རབས་བཟང་སྤྱོད་ཀྱི་ལམ་ནས་གཞུང་སྐྱོངས་དགོས་པའི་ཚད་འཛིན་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ནས་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་འགོག་ཐབས་བྱ་རྒྱུ་ཡིན་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་ཡོད་པ་རེད་
ཚད་འཛིན་ཡིག་ཆ་དེའི་ནང་བྱེད་མི་ཆོག་པའི་ནང་དོན་༥༢ཙམ་ཞིབ་ཕྲ་གཏན་འབེབས་བྱས་ཡོད་པ་དང་དེའི་ནང་གཞུང་གི་ལས་བྱེད་ཚོས་འབུལ་རྟེན་དོད་དངུལ་སོགས་ལེན་མི་ཆོག་པ་མ་ཟད་ ནང་ཁུལ་གྱི་གནས་ཚུལ་ཕྱི་ལ་མཁོ་སྤྲོད་བྱས་ནས་ཁེ་སང་ལེན་མི་ཆོག་པ་ གཏན་འབེབས་ལས་འགལ་བའི་ཐོག་ནས་ས་ཁང་བདག་ཉར་བྱེད་མི་ཆོག་པ་སོགས་མི་ཆོག་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད་ཅིང་གུང་ཁྲན་ཚོགས་པའི་ཚོགས་མི་ཚོས་ཁེ་སང་ཡོད་པའི་ཚོང་ལས་རིགས་སྤེལ་མི་ཆོག་པའི་ཁར་ གཞུང་གི་མ་དངུལ་སྒེར་གྱི་བེད་སྤྱོད་བྱེད་མི་ཆོག་པ་ དབང་ཆ་བེད་སྤྱོད་བྱེད་ནས་ནང་མི་སྤུན་མཆེད་ཚོ་དང་གཤམ་འོག་ལས་བྱེད་ཚོར་ཁེ་ཕན་སྐྲུན་མི་ཆོག་པ་སོགས་མཁོད་ཡོད་པ་རེད་ རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་འགོག་ཐབས་དང་བཟང་སྤྱོད་ཀྱི་སྲིད་སྐྱོངས་ཐུབ་ཐབས་ཀྱི་ཚད་འཛིན་དེ་རིགས་བཏོན་པའི་ཐོག་ནས་ རྒྱ་ནག་གུང་ཁྲན་ཚོགས་པའི་ནང་ལྐོག་ཟ་རུལ་སུངས་དང་དབང་ཆ་གང་བྱུང་བེད་སྤྱོད་ཀྱིས་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་སྤེལ་ཡས་ཀྱི་ཚད་གཞི་ཧ་ཅང་ཉེན་ཚབས་སུ་སླེབས་ཡོད་པ་མཚོན་ཐུབ་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད་ རྒྱ་ནག་གི་དཔོན་རིགས་ལྦུའུ་ཇིང་ཐའོ་ཡིས་སྲིད་དབང་འཛིན་པའི་རྗེས་འདས་པའི་ལོ་ངོ་ཁ་ཤས་རིང་དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་རིགས་འགོག་ཐབས་ཀྱི་འཐབ་རྩོད་བྱས་ཡོད་ཀྱང་ཕན་ནུས་དེ་ཙམ་ཐོན་ཐུབ་ཀྱི་མེད་ཅིང་ད་རེས་རྒྱ་ནག་དབུས་གཞུང་གིས་བཏོན་པའི་གུང་ཁྲན་ཚོགས་པའི་ལས་བྱེད་དང་དཔོན་རིགས་ཚོར་ཚད་འཛིན་གྱི་གཏན་འབེབས་ཡིག་ཆ་དེའི་ནང་ད་དུང་དཔོན་རིགས་ཚོས་གཞུང་གི་མ་དངུལ་བཏང་ནས་མོ་ཊ་བེད་སྤྱོད་བྱེད་པ་དང་མགྲོན་ཁང་ཆེན་པོའི་ནང་རྒྱུན་རིང་གནས་སྡོད་བྱེད་པ་ རྒྱལ་ནང་དང་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་ལས་དོན་ཆེད་བསྐྱོད་པའི་སྐབས་ལ་ཡང་མ་དངུལ་ཚོད་མེད་གཏོང་བ་སོགས་ཀྱི་བྱ་སྤྱོད་རིགས་སྤེལ་མི་ཆོག་པ་འཁོད་ཡོད་པ་རེད༎