བོད་དཀར་མཛེས་ཁུལ་དུ་བོད་མི་ལྔ་ལ་ཁྲིམས་བཅད་བཏང་སྐོར།
2008.11.06
༄༅༎བོད་དཀར་མཛེས་ཁུལ་དུ་དཀར་མཛེས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་ས་གནས་ཀྱི་བོད་མི་ལྔ་ལ་ལོ་གསུམ་ནས་བཅུ་བར་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན་ཉེ་སྔོན་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དགུའི་ཉིན་དཀར་མཛེས་མི་མང་འབྲིང་རིམ་ཁྲིམས་ནས་ལོ་ན་ཉི་ཤུ་རྩ་དྲུག་ཡིན་པ་དོང་ཐོག་དགོན་པའི་གྲྭ་པ་ཤེས་རབ་བཟང་པོ་ཞུ་བ་ཞིག་ལ་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ཉིན་དཀར་མཛེས་ཁུལ་དུ་བོད་མིའི་ཞི་རྒོལ་བྱེད་སྐབས་ཁོང་གིས་བོད་ཀྱི་རྒྱལ་དར་འཕྱར་བའི་ནག་ཉེས་འོག་ལོ་དྲུག་རིང་བཙོན་དུས་ཀྱི་ཉེས་ཅད་བཀལ་ཡོད་པ་དང་ཡང་དཀར་མཛེས་ནས་ཡིན་པའི་ལྷོ་ཁ་ཞུ་བའི་བོད་མི་ཞིག་ལའང་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་བཙུགས་འོག་ལོ་གསུམ་རིང་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཡང་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན་དཀར་མཛེས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་དཀར་མཛེས་རྫོང་གི་སེར་ཆུ་གྲོང་གསེབ་ནས་ལོ་ན་ལྔ་ཅུ་ང་གསུམ་ཡིན་པའི་སྔོ་དགའ་ཞུ་བའི་བོད་རིགས་ཤིག་དང་ཡང་འབྲུག་ཁང་གྲོང་གསེབ་ནས་ལོ་ན་བཞི་ཅུ་ཞེ་དགུ་ཡིན་པ་ནོར་བུ་ཚེ་རིང་ཞུ་བ་གཉིས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ནག་ཉེས་འོག་ལོ་ངོ་བརྒྱད་ནས་དགུ་བར་བཙོན་དུས་ཀྱི་ཉེས་ཆད་བཀལ་འདུག