བོད་མི་སྡེབ་གསོད་བྱས་པའི་གྱོད་དོན་དྲི་རྩད།
2009.05.08
༄༅༎ཉིན་ཤས་སྔོན་སི་པེན་གྱི་ཁྲིམས་དཔོན་ནས་རྒྱ་མིའི་དཔོན་རིགས་བརྒྱད་ལ་སྔ་ལོ་བོད་ནང་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་བོད་མི་སྡེབ་གསོད་བཏང་བའི་གནད་དོན་གྱི་གྱོད་གཏུགས་ཐོག་འདྲི་རྩད་གནང་རྒྱུའི་ཆེད་ཁོང་རྒྱ་ནག་ནང་ཕེབས་འཐུས་ཆོག་པའི་ཕྱག་ཡིག་ཅིག་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་དཔོན་རིགས་ལ་ཕུལ་བའི་སྐོར་གནས་ཚུལ་ཕྱིར་བསྒྲགས་གནང་བའི་རྗེས་ད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མའ་ཀྲའོ་ཤུའུ་ཡིས་གཟའ་ཕུར་བུའི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་པའི་སྐབས་བརྗོད་དོན་ལ་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ལྷ་སའི་ནང་བྱུང་བའི་དོན་རྐྱེན་དེ་ནི་ཚབས་ཆེའི་གཏོར་སྐྱོན་གྱི་གྱོད་དོན་ཞིག་ཡིན་པ་དང་དེར་བརྟེན་རྒྱ་ནག་གཞུང་ལ་ཁྲིམས་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་དབང་ཚད་ཡོད་པ་ནན་བརྗོད་ཞུ་རྒྱུ་དང་འབྲེལ་ང་ཚོའི་རེ་བར་འཛམ་གླིང་ཡུལ་གྲུ་ཁག་གིས་རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ལུགས་དང་རྒྱལ་སྤྱིའི་འབྲེལ་ལམ་ལ་སྲུང་བརྩི་ཞུས་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་མེད་ལུགས་བཤད་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མའ་ཡིས་སི་པེན་གྱི་ཁྲིམས་དཔོན་སེན་ཊི་ཡ་གོ་པེདྲ་རེཛ་མཆོག་རྒྱ་ནག་ནང་གོང་ཞུས་གྱོད་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བརྒྱད་ལ་འདྲི་རྩད་བྱེད་པར་རྒྱ་ནག་ནང་བསྐྱོད་རྒྱུར་ཐོངས་མཆན་ཕུལ་མིན་གྱི་གནད་དོན་ཐོག་ལན་འདེབས་གང་ཡང་བྱས་མེད་པ་རེད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་སོགས་ཀྱིས་སྔ་ལོའི་ཕྱི་ཟླ་བདུན་པའི་ནང་ན་ནིང་བོད་ནང་བྱུང་བའི་ཞི་རྒོལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་བོད་མིའི་ཐོག་བཙན་གནོན་ བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི་བོད་མི་རིགས་རྩ་གཏོར་གཏོང་ཐབས་མུ་མཐུད་བྱེད་བཞིན་པར་ར་སྤྲོད་དཔང་རྟགས་ཡིན་པའི་སྐོར་སི་པེན་རྒྱལ་ཡོངས་ཁྲིམས་ཁང་དུ་རྒྱ་མིའི་འབྲེལ་ཡོད་དཔོན་རིགས་ཚོར་ཁྲིམས་གཏུགས་བྱས་པའི་རྗེས་ཁ་སྔོན་སི་པེན་གྱི་ཁྲིམས་ཁང་དེའི་ཁྲིམས་དཔོན་སེན་ཊི་ཡ་གོ་པེདྲ་རེཛ་མཆོག་ནས་གོང་ཞུས་གྱོད་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལིའང་ཀོང་ལིའེ་དེ་མིན་བོད་རང་སྐྱོང་ལྗོངས་ཞེས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིང་རླིད་སོགས་ཁྱོན་རྒྱ་ནག་གི་དཔོན་རིགས་བརྒྱད་ལ་གྱོད་དོན་དེའི་སྐོར་འདྲི་རྩད་ཆེད་ཁོང་རྒྱ་ནག་ནང་ཕེབས་ཆོག་པའི་ཕྱག་ཡིག་ཅིག་རྒྱ་ནག་གི་དཔོན་རིགས་ལ་ཕུལ་ཡོད་པ་རེད།