བོད་དོན་ཐོག་ཨ་རིའི་གྲོས་ཆོད་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ།

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཆེད་གྲོས་ཆོད་ཅིག་བཞག་གནང་ཡོད་པ་དེར་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

2008.09.21

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བོད་ཀྱི་གནད་དོན་ཐད་དོན་འབྲས་སོན་པའི་གྲོས་མོལ་བྱ་དགོས་པའི་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་གྲོས་ཆོད་ཅིག་བཞག་གནང་ཡོད་པ་དང་ཡིན་ནའང་རྒྱ་ནག་ཕྱོགས་ནས་གྲོས་ཆོད་དེ་ནི་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་བཞིན་རེས་གཟའ་ལྷག་པའི་ཉིན་བཞག་གནང་སྟེ་དེའི་ནང་ལ་ད་དུང་བར་ལམ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བ་དེའི་འབྱུང་རྐྱེན་གཙོ་བོ་ནི་ཆོས་ལུགས་རང་དབང་མེད་པ་བརྟེན་ནས་ཡིན་པར་སོང་བོད་ནང་ཆོས་ལུགས་རང་དབང་གི་ཐོབ་ཐང་ཆེ་ཙམ་སྤྲོད་དགོས་པའི་སྐོར་གསུངས་ཡོད་པ་དང༌། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་སྐུ་ཚབ་ལྷན་དུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་རྒྱུར་རྒྱ་ནག་གཞུང་ཕྱོགས་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ལྷག་བསམ་རྣམ་དག་གི་གྲོས་མོལ་བྱ་དགོས་པའི་སྐོར་བཀོད་ཡོད་པ་རེད། ཡིན་ནའང་རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུས་ཨ་རིའི་གྲོས་ཆོད་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་དང་ གྲོས་ཆོད་དེ་ཡིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་མཚོན་ཡོད་ཅིང་། བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་པ་དང་གནད་དོན་དེའི་ཐོག་ལ་རྒྱ་ནག་གཞུང་ཕྱོགས་ནས་ཏཱ་ལའི་བླ་མ་དང་ལྷན་དུ་འབྲེལ་ལམ་དང་གྲོས་མོལ་བྱེད་ཡ་ཞིག་ཡིན་པར་བཤད་ཡོད་པ་རེད། གང་ལྟར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སྔོན་ཕྱི་ཟླ་གསུམ་པ་ནས་བཟུང་བོད་མི་ཚོས་ངོ་རྒོལ་རྔམ་སྟོན་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར་བོད་རང་དབང་རང་བཙན་རྩོད་ལེན་གནང་གི་མེད་པ་དང་རྒྱ་ནག་གི་ཁྲིམས་ལུགས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་འཐབ་རྩོད་གནང་རྒྱུའི་སྲིད་ཇུས་ལ་འགྱུར་བ་མེད་པའི་བཀའ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎