བོད་ཀྱི་ས་ཁུལ་ནང་ཕྱི་རྒྱལ་གསར་འགོད་པ་བཀག་སྡོམ་བྱེད་པ།
2009.03.12
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་ཕྱི་རྒྱལ་གསར་འགོད་པའི་འགྲུལ་བསྐྱོད་བཀག་སྡོམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་ཁྱབ་ཁོངས་འོག་རང་དབང་དང་བདེ་སྐྱིད་ཀྱི་གནས་ལ་ཡོད་ཚུལ་དྲིལ་བསྒྲགས་བྱེད་བཞིན་པ་དེ་དངོས་བདེན་ཡིན་མིན་སྐོར་ཕྱི་རྒྱལ་གསར་འགོད་པ་ཚོས་རྟོགས་ཞིབ་བྱེད་པར་བསྐྱོད་སྐབས་བོད་ཀྱི་ས་ཁུལ་མང་པོའི་ནང་དམིགས་བསལ་གྱི་འགག་སྒོ་གསར་འཛུགས་བྱས་ཏེ་གསར་འགོད་པ་ཚོ་བོད་ནང་འགྲུལ་བསྐྱོད་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་གཞུང་འབྲེལ་གྱི་བཀོད་རྒྱའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་ཕྱི་རྒྱལ་གསར་འགོད་པ་ཚོ་འགྲུལ་སྐྱོད་བཀག་སྡོམ་བྱས་ཀྱང་མཚོ་སྔོན་ཞིང་ཆེན་ཁུལ་དུ་འགྲུལ་བསྐྱོད་ཆོག་གི་ཡོད་ཚུལ་བརྗོད་ཡོད་པ་རེད། ཡིན་ཡང་དོན་དངོས་ཐོག་མཚོ་སྔོན་ཁུལ་གྱི་བོད་མིའི་ས་གནས་ཁག་ཏུ་ཡང་གསར་འགོད་པ་ཚོའི་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དཔེར་ན་བདུན་ཕྲག་འདིའི་ནང་ཕེ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ནང་ཡོད་པའི་བོད་པའི་དགོན་སྡེ་ཅིག་ནང་གསང་འཛུལ་གྱི་འགྲུལ་སྐྱོད་ཐུབ་པའི་རྗེས་རྒྱ་ནག་གི་ཉེན་རྟོག་མི་སྣས་ས་གནས་དེ་བཞིན་ཕྱི་ཕྱོགས་ཀྱི་ཡུལ་མི་འཛུལ་བཞུག་བྱེད་མི་ཆོག་པའི་ས་གནས་ཡིན་སྐོར་བཤད་དེ་ཕྱིར་འབུད་བྱས་ཡོད་འདུག།