བོད་ཀྱི་གཙང་པོ་ཆེ་ཁག་ལ་ཆུ་མཛོད་རྒྱབ་རྒྱུའི་སྐོར།
2011.04.19
༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཆེ་ཁག་ཡོངས་རྫོགས་ཀྱི་ཐོག་ཆུ་མཛོད་རྒྱབ་བཞིན་པའི་ལས་གཞི་ཁག་ནི་འཆར་གཞི་ལྡན་པའི་ཐོག་ནས་སྤེལ་བཞིན་ཡོད་པར་མ་ཟད་ ཆུ་རག་གི་ལས་གཞི་དེས་བོད་ནས་འགོ་བཙུགས་པའི་གཙང་ཆུ་རྒྱུགས་ཡུལ་གྱི་གཤམ་གནས་ཡུལ་གྲུ་ཁག་ལ་དོ་ཕོག་མི་ཡོང་བ་གཙོ་དོན་བྱེད་བཞིན་ཡོད་པ་བརྗོད་འདུག།
ཉེ་ཆར་ཨེ་པི་གསར་ལས་ཁང་གིས་ རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་ལ་ཆུ་མཛོད་རྒྱག་བཞིན་པ་དེ་དག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་རང་འབྱུང་གི་གནོད་འཚེ་ཆེ་རུ་འགྲོ་རྒྱུ་དང་ ཁོར་ཡུག་ལ་གནོད་པ་ དེ་བཞིན་ཆུའི་ཐོན་ཁུངས་ཆུང་དུ་འགྲོ་རྒྱུ་སོགས་ཀྱི་ཉེན་ཁ་ཡོད་པར་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་རེད་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་ཏུ་གནས་པའི་ཡུལ་མི་ཚོས་གཙང་ཆུའི་ནང་གི་ཉ་ཉུང་དུ་ཕྱིན་ཟིན་པ་དང་ དེ་བཞིན་གལ་ཏེ་རྒྱ་ནག་གིས་བརྒྱབ་པའི་ཆུ་མཛོད་ཀྱི་ཆུ་རགས་གཞིགས་པའི་གནས་ཚུལ་འབྱུང་ཚེ་ དེས་གཤམ་འོག་དུ་གནས་པའི་ཡུལ་གྲུ་ཁག་གི་ཐོག་ཆུ་ལོག་གི་གོད་ཆགས་ཚབས་ཆེ་ཕོག་ཉེན་ཡོད་པ་བརྗོད་བཞིན་ཡོད་པ་རེད།
ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་དང་ཞིབ་འཇུག་པ་ཁག་ཅིག་གིས་ཆུའི་དཀའ་རྙོག་ཇེ་ཆེར་ཕྱིན་ཏེ་ཡུལ་གྲུ་ཕན་ཚུན་དམག་འཁྲུག་གི་འབྱུང་གཞི་གཙོ་བོ་ཞིག་ཆགས་སྲིད་པའི་ཉེན་ཁ་ཡོད་པའི་ཚོད་དཔག་ཤུགས་ཆེ་བྱེད་བཞིན་འདུག།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་རྒྱ་ནག་གི་ཆུ་མཛོད་ཀྱི་ལས་འཆར་ཇི་འདྲ་ཞིག་བརྩམ་ཡང་གཙང་ཆུ་རྒྱུགས་ཡུལ་གྱི་ཡུལ་གྲུ་ཁག་གི་བདེ་དོན་ལ་བསམ་ཞིབ་ནན་པོ་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནས་རྒྱུགས་པའི་གཙང་ཆུ་ཁག་བརྒྱད་ཀྱི་ཐོག་ཆུ་རག་༢༠བརྒྱབས་ཟིན་པ་དང་ད་དུང་ཆུ་མཛོད་༤༠ཙམ་རྒྱག་རྒྱུའི་འཆར་གཞི་ཡོད་པ་རེད།