དབྱིན་ཇིས་བཏོན་པའི་སྙན་ཐོར་རྒྱ་ནག་གིས་ངོས་ལེན་བྱས་མེད།
2010.03.18
༄༅༎དབྱིན་ཡུལ་ནས་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་ལ་སྐྱོན་བརྗོད་གནང་ཡོད་པ་དེར་རྒྱ་ནག་གི་ངོས་ལེན་མེད་ལུགས་གཏམ་བཤད་སྤེལ་འདུག
དེ་ཡང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ལ་འཚམས་འདྲི་ཕེབས་པའི་དུས་ཚོད་འདིར་ཁ་ས་རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་ཡོད་པ་དང་དེའི་ནང་། འགྲོ་བ་མིའི་ཐོབ་ཐང་ཡག་པོ་མེད་པའི་རྒྱལ་ཁབ་ཀྱི་མིང་གཞུང་ཁོངས་སུ་རྒྱ་ནག་ཀྱང་ཚུད་ཡོད་པ་མ་ཟད་འདས་པའི་ལོ་དེའི་ནང་། རྒྱ་ནག་གཞུང་ནས་སོ་སོའི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་མཁན་དོན་གཉེར་བ་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ནི་སེམས་འཚབ་སྐྱེས་གཞི་ཞིག་རེད་ཅེས་གསལ་བཏོན་བྱས་ཡོད་པ་རེད་ལ་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ལ་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་སྐོར་ཐུགས་འཚབ་ཡོད་ལུགས་གསུངས་པས་མ་ཟད་གཞུང་ནས་འཛིན་བཟུང་དོ་དམ་བྱས་པའི་ཁྲིམས་རྩོད་པ་མང་གཙོ་དོན་གཉེར་བ་གའོ་ ཀྲེ་ཤེང་གར་ཡོད་རྩད་གཅོད་ཀྱང་གནང་ཡོད་པ་རེད། ཡིན་ནའང་དེའི་ཐོག་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་འདི་བྱས་ལན་འདེབས་གསལ་པོ་གང་ཡང་བྱས་མེད་པ་རེད།
གནད་དོན་འདིའི་ཐོག་ད་རིང་རེས་གཟའ་ཕུར་བུའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་གསར་འགོད་པས་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་མགྲིན་ཚབ་པ་ཆིན་གང་གིས། རྒྱ་ནག་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་ཡར་རྒྱས་བཏང་དང་གཏོང་བཞིན་ཡོད་རེད་ལ་རྒྱལ་ཁབ་དང་། མི་སྒེར་ག་འདྲ་ཞིག་གིས་ཀྱང་ཕྱོགས་ལྷུང་མེད་པའི་ཐོག་ནས་ཉམས་ཞིབ་བྱས་པ་ཡིན་ན་ང་ཚོས་ཡར་རྒྱས་བཏང་ཡོད་པ་དེ་ཡང་གསལ་པོ་ཤེས་རྟོགས་ཐུབ་ངེས་རེད། ཡིན་ནའང་དབྱིན་ཡུལ་གྱི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་དེའི་ཐོག་རྟོགས་ཞིབ་བྱེད་དགོས་པ་ལས་
ཆབ་སྲིད་ཀྱི་དགོས་མཁོར་བརྟེན་ནས་གང་བྱུང་འཁྱོག་བཤད་བྱས་ན་ང་ཚོས་ནམ་ཡང་ཁས་ལེན་ཐབས་མེད་ཅེས་དབྱིན་ཇིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་པ་དེར་ངོས་ལེན་མེད་ལུགས་གཏམ་བཤད་སྤེལ་ཡོད་འདུག