རྒྱ་ནག་གི་ལྷོ་གཟའ་མཇུག་ཚགས་པར་གྱི་རྩོམ་སྒྲིག་པའི་སྐོར།
2009.12.15
༄༅༎རྒྱ་ནག་ནང་སྐད་གྲགས་ཆེ་བའི་རྒྱ་ཡིག་གསར་ཤོག་ལས་ཁང་གི་རྩོམ་བྲིས་པ་གཙོ་བོ་ཡིན་པ་ཤིཡང་ཤི་ཡིས་ཁ་སྔོན་ཕྱི་ཟླ་བཅིུག་པའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་སྐབས་བཅར་འདྲི་ཞུས་པའི་གནས་ཚུལ་གསར་ཤོག་ཐོག་འགྲེམས་སྤེལ་བྱས་པའི་རྗེས་ཁོང་གི་རྩོམ་བྲིས་པའི་གོ་གནས་ལ་འགྱུར་བ་བཏང་ཡོད་པ་རེད།
དེ་ཡང་ལྷོ་གཟའ་མཇུག་གི་ཚགས་པར་ཞེས་པའི་རྩོམ་བྲིས་འགན་འཛིན་ཤིཡང་ཤི་ཡིས་ཁ་སྔོན་ཕྱི་ཟླ་བཅིུག་པའི་ཚེས་བཅུ་དགུ་ཉིན་སྲིད་འཛིན་ཨོ་སྦ་མ་བཞུགས་ཡུལ་གྱི་པེ་ཅིང་གི་མགྲོན་ཁང་དུ་བཅར་ཏེ་བཅར་འདྲི་ཞུས་པའི་ནང་དོན་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་འདོད་བློ་དང་མཐུན་པ་བྱུང་མེད་པར་བརྟེན་ཁོང་ཁྲོ་ཆེན་པོས། ཤིཡང་ཤི་ལ་གསར་ཤོག་ལས་ཁང་དེའི་རྩོམ་བྲིས་པ་གཙོ་བོ་ཡིན་པའི་གོ་གནས་ནས་རྩོམ་བྲིས་འགན་འཛིན་ཞེས་མིང་འགྱུར་བྱས་ཏེ་གོ་གནས་དམའ་རུ་བཏང་ཡོད་པ་རེད། གནས་ཚུལ་དེ་ནི་བདེན་པ་ཡིན་པའི་སྐོར་ལ་ལྷོ་གཟའ་མཇུག་གི་ཚགས་པར་ལས་ཁང་དེའི་ཐོག་ནས་ར་སྤྲོད་བྱས་ཡོད་ཀྱང་རྩོམ་བྲིས་པ་གཙོ་བོ་ནས་རྩོམ་བྲིས་འགན་འཛིན་ཞེས་བརྗེ་འགྱུར་བྱས་པ་དེ་ནི། མིང་ཚིག་བརྗེ་འགྱུར་བྱས་པ་ཞིག་ཡིན་པས་གོ་གནས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང། ཡིན་ནའང་ཚགས་པར་ལས་ཁང་དེའི་ལས་བྱེད་པ་གསུམ་གྱིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་བརྗོད་དོན། རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་ཆེ་བའི་དྲིལ་བསྒྲགས་ལས་ཁང་གིས་གནོན་ཤུགས་སྤྲད་པར་བརྟེན་ནས་གོ་གནས་དམའ་རུ་བཏང་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་ཡོད་པ་དང། ཡིན་ནའང་ཁོང་གསུམ་གྱི་མིང་ངོ་སྤྲོད་བྱ་རྒྱུར་འཇིགས་སྣང་བྱེད་པ་དང། གལ་ཏེ་གནས་ཚུལ་དེ་བཞིན་ཕྱི་ཕྱོགས་སུ་བཤད་པ་ཡིན་ཚེ་ཉེས་ཆད་གཏོང་སྲིད་པའི་ཉེན་ཁ་ཡོད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད། རྒྱལ་ས་པེ་ཅིང་ནང་དུ་གནས་སྡོད་བྱེད་མཁན་གནས་ཚུལ་དབྱེ་ཞིབ་པ་མའེ་ཁཱལ་ཨེན་ཊི་ཡིས་བཤད་དོན་ལ་ཤིཡང་ཤི་ཡིས་སྲིད་འཛིན་ཨོ་སྦ་མ་ལ་བཅར་འདྲི་ཞུས་པའི་ནང་དོན་ཐོག་ལ་རྒྱ་ནག་གི་དྲིལ་བསྒྲགས་ལས་ཁང་དོན་དངོས་དགའ་པོ་བྱུང་མེད་པ་ནི། ཤིཡང་ཤི་ལྷོ་གཟའ་མཇུག་གི་གསར་ཤོག་ལས་ཁང་གི་རྩོམ་བྲིས་པ་གཙོ་བོ་དེར་གཡོ་འགུལ་བཏང་ཏེ་གནས་རིམ་ཨང་དང་པོ་ནས་ཨང་གཉིས་པའི་གནས་སུ་བབ་པའི་གནས་སྟངས་དེ་ནི་གཞུང་གི་གནོན་ཤུགས་ངེས་ཅན་ཞིག་ཡིན་པ་རེད་ཅེས་གསུངས་ཡོད་པ་རེད།
ལྷོ་གཟའ་མཇུག་གི་ཚགས་པར་རམ་རྒྱ་སྐད་དུ་ནེན་ཕང་ཀྲུའུ་མོ་ཟེར་བ་དེ་ནི་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏོང་ཞིང་ཆེན་གྱི་ཀུའང་ཀྲུ་གྲོང་ཁྱེར་ནང་རྟེན་གཞི་བྱས་ཏེ་གཟའ་འཁོར་རེར་ཐོག་ཐེངས་རེ་འདོན་སྤེལ་བྱེད་པ་དང་མཚམས་རེ་གསར་ཤོག་དེའི་ཐོག་ལ་སྤྱི་ཚོགས་ཀྱི་དཀའ་ངལ་དང། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་སྐོར་གནས་ཚུལ་བཀོད་པའི་སྐབས་ལ་དཀའ་ངལ་ཡང་འཕྲད་པ་དང་ཡིན་ནའང་མི་དམངས་ཀྱིས་གསར་ཤོག་དེར་དགའ་མོས་ཆེན་པོ་བྱེད་ཡུལ་ཞིག་ཡིན་པ་རེད།