བོད་ཀྱི་མཐའ་མཚམས་སུ་ལྕཊ་ཁྲབ་འཁོར་ལོ་འགྲེམས་འཇོག་བྱས་འདུག
2017.06.13
རྒྱ་ནག་གིས་བོད་དང་རྒྱ་གར་ས་མཚམས་སུ་ལྕགས་ཁྲབ་འཁོར་ལོ་གསར་པ་ཞིག་འགྲེམས་འཇོག་བྱས་ཡོད་འདུག
དེ་ཡང་ཨ་རིའི་(UPI) གསར་ཁང་གིས་སྤྱི་ཚེས་༡༢་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་རྒྱ་གར་མཐའ་མཚམས་བོད་ཀྱི་ས་གནས་ཞིག་ཏུ་རྒྱ་སྐད་དུ་Xinqingtanཟེར་བ་དམག་གི་ལྕགས་ཁྲབ་འཁོར་ལོ་གསར་ཤོས་ཞིག་འགྲེམས་འཇོག་བྱས་ཡོད་འདུག
དེ་ནི་རྒྱ་ནག་Guanchaགསར་ཁང་གིས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་བོད་ནང་དམག་གི་ལས་གཞི་རྒྱ་ཆེ་རུ་བཏང་སྟེ་རྒྱ་གར་དམག་དཔུང་ལ་འགོག་ཐབས་ཀྱི་ནུས་པ་བཏོན་ཆེད་དུ་རེད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་ཡང་རྒྱ་ནག་གཞུང་འབྲེལ་རྒྱལ་ཡོངས་བརྙན་འཕྲིན་ལས་ཁུངས་ཀྱིས། བོད་ནང་རྒྱ་ནག་བཅིངས་གྲོལ་དམག་དཔུང་གིས་ངོ་རྟགས་ཨང་གྲངས་གསལ་སྟོན་མ་བྱས་པའི་ལྕགས་ཁྲབ་འཁོར་ལོ་གསར་པ་ཞིག་འགྲེམས་འཇོག་བྱས་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
(Guancha) གསར་ཁང་གིས་གོང་ཞུས་(XinQingtan) ཟེར་བའི་ལྕགས་ཁྲབ་འཁོར་ལོ་དེའི་འཕྲུལ་རིག་དང་མེ་འཕེན་ཕར་རྒོལ་གྱི་ནུས་པ་ནི། རྒྱ་གར་གིས་འགྲེམས་འཇོགས་བྱས་པའི་ཨུ་རུ་སུས་བཟོས་པའི་T-90S རྟགས་ཅན་ལས་ཆེས་ཡར་ཐོན་ཅན་ཞིག་ཡིན་པ་མ་ཟད། ལྕགས་ཁྲབ་འཁོར་ལོ་དེ་དག་འགྲེམས་འཇོག་གི་ལས་དོན་དེ་བཞིན་བོད་དུ་རྟེན་གཞི་བྱེད་པའི་དམག་སྡེ་རུ་ཁག་རྒྱ་བསྐྱེད་ཐུབ་རྒྱུ་མ་ཟད། འཐབ་འཛིང་ཀྱི་ནུས་པ་ཡང་གོང་མཐོར་བཏང་ཡོད་པ་རེད་ཅེས་བརྗོད་འདུག
དེ་མིན་ཡང་གསར་ཁང་དེས་མུ་མཐུད་གནས་ཚུལ་བཀོད་པར་གཞིགས་ན། བོད་ནང་ལྕགས་ཁྲབ་འཁོར་ལོ་ཆུང་ཁག་རིགས་ཚོད་ལྟ་བྱས་ཡོད་འདུག་ན་ཡང་། ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་སྤེལ་བྱས་མི་འདུག
གོང་ཞུས་བོད་ནང་དུ་(Xinqingtan)ཞེས་པའི་ལྕགས་ཁྲབ་འཁོར་ལོ་དེར་མི་ཊར་གྱི་སྟོང་ཟུར་༡༠༥་ཅན་གྱི་ཁྲབ་ལྡན་འཁོར་ལོའི་མེ་མདའ་དང་། མི་ཊར་གྱི་སྟོང་ཟུར་༣༥་ཅན་གྱི་འཕུར་འདེགས་འཕྲུལ་འཁོར་ཞིག་དང་། དེ་བཞིན་མི་ཊར་གྱི་སྟོང་ཟུར་12.7 ཅན་གྱི་མེ་མདའ་སྦག་སྦག་ཡོད་འདུག་ལ། མེ་འདའ་དེ་ཚོ་ཡིས་རི་འགོར་སྙོབ་ཐུབ་པའི་ནུས་པ་ཡོད་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། ལྕགས་ཁྲབ་འཁོར་ལོ་དེ་ནི་ཧ་ཅང་ཡང་བའི་ཐོག་ནུས་ཤུགས་ལྡན་པ་ཞིག་ཡིན་པའི་ཁྱད་ཆོས་གསལ་སྟོན་བྱས་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།