རྒྱ་ནག་གཞུང་གིས་རི་ཁྲོད་གཏོར་བཤིག་བཏང་བ།
2012.02.18
༄༅༎ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་ལྷ་སའི་ནུབ་ངོས་སུ་ཡོད་པའི་དགོན་པ་སར་རི་ཁྲོད་དང་ལྷ་ལུང་རི་ཁྲོད་དུ་སྒྲུབ་པ་གནང་མཁན་གྱི་རི་ཁྲོད་པ་ ༢༠ ཙམ་ཡོད་པ་ཚང་མ་ཕྱིར་འབུད་བཏང་པ་དང༌། སྒྲུབ་ཁང་བཤིག་སྟེ་ཁང་སྟོང་བཟོས་ཡོད་པའི་ཁུངས་ལྡན་གྱི་གནས་ཚུལ་འབྱོར་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་གཟའ་སྤེན་པ་ཕྱི་ཟླ་ ༢ ཚེས་ ༡༨ ཉིན་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
ཡང་དྲ་རྒྱ་དེའི་ཐོག་མུ་འཐུད་གནས་ཚུལ་སྤེལ་གསལ་ལྟར་ན། ས་གནས་ཉེན་རྟོག་པས་སྤྱི་ཚོགས་བརྟན་ལྷིངས་ཞེས་པའི་མིང་གི་ཐོག་ནས་ལས་དོན་ཚོགས་ཆུང་ཟེར་བ་དང༌། སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་འབྱོར་སྟེ་དགོན་སྡེ་དང་རི་ཁྲོད་གང་སར་ཞིབ་གཤེར་བྱས་དང་བྱེད་མུས་ཡིན་འདུག་ཅིང༌། ཕྱོགས་མཚུངས་ལྷ་སའི་ནང་ཕྱི་ཕྱོགས་ནས་ཡོང་པའི་འགྲུལ་པ་དང༌། གནས་མཇལ་བ། དེ་བཞིན་ཡུལ་བསྐོར་བ་སོགས་ལ་དམ་བསྒྲགས་བསུ་བཙེར་དང༌། ཞིབ་གཤེར་ནན་བྱེད་བཞིན་ཡོད་འདུག།
གོང་གི་གནས་ཚུལ་འདི་དག་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་རྒྱའི་ཐོག་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་སྤེལ་བྱས་མི་འདུག།