ཨ་རིའི་སྐྱོན་བརྗོད་ལ་རྒྱ་ནག་གིས་གཡོལ་ཐབས།
2011.05.12
༄༅༎རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་ལྷག་པར་དུ་རྒྱ་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགོག་ཐབས་བྱེད་པ་དེ་ནོར་འཁྲུལ་གྱི་སྲིད་ཇུས་ཡིན་ལུགས་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཞལ་སང་གི་གཏམ་བཤད་གནང་པ་དེ་རྒྱལ་ཁབ་གཉིས་དབར་གྲོས་མོལ་གྱི་གནད་དོན་ཆེ་ཁག་མང་པོའི་ནང་གི་ཆ་ཤས་ཆུངཙག་ཅིག་ཡིན་སྐོར་ཨ་རིའི་སྐྱོན་བརྗོད་ལ་རྒྱ་ནག་གཞུང་གིས་གཡོལ་ཐབས་ཀྱི་ལན་འདེབས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎
ཨེཏ་ལེན་ཀྲིཀ་Atlantic Magazineཞེས་པའི་ཨ་རིའི་དུས་དེབ་ཀྱིས་ཚེས་༧ཉིན་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་Hillary Clintonམཆོག་ལ་རྒྱ་ནག་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་རེས་གཟའ་མིག་དམར་ཉིན་རྒྱ་ནག་དང་ཨ་རི་དབར་དཔལ་འབྱོར་འཐབ་ཇུས་དང་འབྲེལ་བའི་ཆེས་མཐོའི་གྲོས་མོལ་ལྷན་ཚོགས་ཀྱི་ཉིན་མཐའ་མར་དཔར་བསྐྲུན་བྱས་ཡོད་པ་རེད་ དུས་དེབ་དེའི་ཐོག་ཕྱི་སྲིད་དྲུང་ཆེ་མཆོག་ནས་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་སྟངས་ཀྱི་་གནས་སྟངས་སྐོར་ཞལ་སང་ཐོག་སྐྱོན་བརྗོད་གསལ་འདོན་གནང་ཡོད་ལ་ དེ་ཡང་ལྩམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་རྒྱ་ནག་ནང་གཞུང་ཕྱོགས་ནས་མང་ཚོགས་ཀྱི་རང་དབང་འགོག་ཐབས་བྱེད་པའི་སྲིད་ཇུས་དེ་ རྒྱ་ནག་གཞུང་གི་བློ་འཚབ་ཀྱི་རང་བཞིན་ཐོག་ནས་ལོ་རྒྱུས་ལ་འགོག་ཐབས་བྱེད་པའི་སྲིད་ཇུས་ཤིག་་ཡིན་ཡང་ དེ་ནི་གླེན་རྟགས་ལྟ་བུའི་སྲིད་ཇུས་ཡིན་པ་ལས་ རང་དབང་གི་མདུན་ཕྱོགས་ནམ་ཡང་འགོག་ཐབས་མེད་པ་རེད་ཅེས་དགོངས་ཚུལ་གསལ་འདོན་གནང་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་ཕྱི་སྲིས་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་ ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གཏམ་བཤད་སྐོར་གསར་འགོད་པས་བཅར་འདྲི་བྱ་སྐབས་མགྲིན་ཚབ་པ་ཅིའང་ཡུའུ་ཡིས་ ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་འགྲོ་བ་མིའི་ཐོབ་སྐོར་གྱི་བཀའ་མོལ་དེ་གསར་འགོད་པ་ཚོས་གནད་དོན་ཆེ་ཁག་མང་པོའི་ནང་ནས་ཟུར་འདོན་བྱས་པ་ཞིག་དང་ རྒྱ་ནག་དང་ཨ་རི་གཉིས་ཀྱི་དོན་དམ་གྱི་འབྲེལ་ལམ་སྐོར་གོ་རྟོགས་ཆེད་ཉེ་དུས་མཇུག་བསྒྲིལ་བའི་རྒྱལ་ཁབ་གཉིས་དབར་ ཆེས་མཐོའི་དཔལ་འབྱོར་དང་འབྲེལ་བའི་འཐབ་ཇུས་ཀྱི་གྲོས་མོལ་གྱི་གྲུབ་འབྲས་ལས་གསལ་རྟོགས་ཡོང་རྒྱུ་ཡིན་སྐོར་ལན་འདེབས་བྱས་འདུག་༎