རྒྱ་ནག་མི་མང་ས་ཡ་མང་པོར་ཐན་པའི་དཀའ་ངལ་འཕྲད་པ།
2011.05.28
༄༅༎རྒྱ་ནག་གི་མི་དམངས་ལས་དོན་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། འབྲི་ཆུའི་བརྒྱུད་ཀྱི་མི་དམངས་ས་ཡ་བཞི་དང་གྲངས་ཆུང་༢༣ ལ་འདེངས་ངེས་ཀྱི་འཐུང་ཆུ་མ་རགས་པའི་དཀའ་ངལ་ཡོད་པ་མ་ཟད། མི་དམངས་ས་ཡ་༥ ལྷག་ལ་ཐན་པའི་དཀའ་ངལ་སེལ་རྒྱུར་རོགས་རམ་དགོས་ངེས་ཡིན་པ་དང༌། དམིགས་བསལ་ཐན་པའི་དཀའ་ངལ་རྒྱུན་རིང་པོ་བསྟན་པ་དེ་ཡིས་། སོ་ནམ་ཐོན་སྐྱེས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་དང༌། བཟོ་ལས་ཐོན་སྐྱེས་ལ་ཚབས་ཆེའི་དཀའ་ངལ་འཕྲད་བཞིན་ཡོད་པ་བཤད་ཡོད་པ་དང༌། ད་དུང་འབྲི་ཆུའི་རྒྱུད་དུ་འདི་ལོའི་ཕྱི་ཟླ་དང་པོ་ནས་བཞི་པ་བར་ཆར་པ་འབབ་ཚད་ནི་བརྒྱ་ཆ་༦༠ ལྷག་གིས་ཉུང་བ་བབས་ཏེ། འདས་པའི་མི་ལོ་ལྔ་བཅུའི་ནང་རྒྱ་ནག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཐན་པའི་དཀའ་ངལ་ཚབས་ཆེ་བྱུང་བ་དེ་ཡིས། ས་ཞིང་གཞི་ཁྱོན་ཆེན་པོ་སེར་ཁ་ཅན་དང་ས་སྐམ་དུ་གྱུར་ཏེ་སོ་ནམ་འདེབས་ལས་བྱ་རྒྱུ་མེད་པ་ཚང་མ་བེད་མེད་དུ་གྱུར་ཡོད་ལུགས་དང༌། དེ་རིང་བར་དུ་ཐན་པའི་དཀའ་ངལ་དེའི་ཐོག་ནས་དཔལ་འབྱོར་གྱོང་གུད་རྒྱ་མིའི་སྒོར་མོ་ཐེར་འབུམ་༡༥ ཙམ་བྱུང་ཡོད་པ་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་འབྲི་ཆུའི་སྟེང་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་ཆེན་པོ་ཞིག་འཛུགས་སྐྲུན་བྱ་ཡུལ་དེའི་འབྲི་ཆུའི་དཀྱིལ་དང་སྨད་ཕྱོགས་སུ་ཐན་པའི་དཀའ་ངལ་ཚབས་ཆེ་འཕྲད་བཞིན་པ་དེ་ཡིས་མི་དང་སྒོ་ཕྱུག་སེམས་ཅན་ལ་འཐུང་ཆུ་མི་རགས་པ་ཁར་སོ་ནམ་ཐོན་སྐྱེད་ལ་དཀའ་ངལ་འཕྲད་བཞིན་པའི་རྐྱེན་གྱིས་ཁྲོམ་རའི་ཐོག་འབྲུ་རིགས་སོགས་ཟ་བཅའི་རིན་གོང་མུ་མཐུད་མཐོ་རུ་འགྲོ་རྒྱུ་ཡིན་པ་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།