དཀར་མཛེས་དང་གསེར་རྟ་ཡི་དགེ་བཙུན་རྣམས་ཕྱིར་ཕུད།
2016.10.10
རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་གསེར་རྟ་དང་དཀར་མཛེས་ཕྱོགས་ཀྱི་དགེ་བཙུན་རྣམས་ཀྱང་ཕྱིར་ཕུད་བྱེད་བཞིན་འདུག
གསེར་རྟ་བླ་རུང་ཆོས་སྒར་གྱི་གཞུང་ལམ་ཆུང་དྲག་པའི་རྒྱུ་མཚན་བཤད་ནས་རྒྱ་ནག་གཞུང་གིས་མུ་མཐུད་དུ་གྲ་ཤག་གཏོར་བཤིག་བྱེད་བཞིན་པ་མ་ཟད། གསེར་རྟ་དང་དཀར་མཛེས་རྗོང་གི་དགེ་བཙུན་རྣམས་ཀྱང་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་ཕྱིར་ཕུད་བྱེད་བཞིན་འདུག
དེ་ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བ་ལྟར་ན། རྒྱ་ནག་གི་སྲིད་བྱུས་ལག་བསྟར་གྱི་འཆར་བཀོད་ལྟར་བླ་རུང་ཆོས་སྒར་གྱི་གྲ་ཤག་ཁག་རྒྱ་ནག་གིས་གཏོར་བཤིག་བྱེད་བཞིན་པ་མ་ཟད། ཉེ་སྔོན་ཆོས་སྒར་ནང་གི་གཞུང་ལམ་ཁག་ཆུང་དྲག་པའི་རྐྱེན་གྱིས་ལམ་རྒྱ་ཆེ་རུ་གཏོང་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་ནས་མུ་མཐུད་གྲ་ཤག་གཏོར་བཞིན་པ་དང་། དུས་མཚུངས་གྲ་བཙུན་རྣམས་རྒྱ་ནག་གི་ལས་བྱེད་ཚོས་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་ཕྱིར་ཕུད་བྱེད་བཞིན་པའི་ཁྲོད་གསེར་རྟ་དང་དཀར་མཛེས་རྗོང་གི་དགེ་བཙུན་རྣམས་ཀྱང་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་ཕྱིར་ཕུད་བྱེད་བཞིན་ཡོད་འདུག
གནས་ཚུལ་ནང་། ཆོས་སྒར་གྱི་དགེ་འདུན་པ་དང་བཙུན་མ་རྣམས་ཚོགས་གྲོལ་ནས་རང་ཤག་དུ་འགྲོ་སྐབས་རྒྱ་ནག་གཞུང་གིས་དོན་ཚན་བརྒྱད་ཅན་གྱི་ཤོག་བྱང་བཀྲམ་པའི་ནང་། དགེ་བཙུན་རྣམས་བླ་རུང་སྒར་ནས་རང་འགུལ་གྱིས་ཕྱིར་ཐོན་པ་ཡིན་ན་རྒྱ་གཞུང་གིས་རོགས་དངུལ་སྤྲོད་རྒྱུ་ཡིན་པ་མ་ཟད། མུ་མཐུད་ནས་རྒྱལ་ཁབ་ཀྱིས་འཚོ་བའི་མཐུན་རྐྱེན་སྤྲད་རྒྱུ་ཡིན་པ་སོགས་བཀོད་ཡོད་པ་མ་ཟད། གལ་ཏེ་དགེ་བཙུན་སུ་ཞིག་གིས་བླ་རུང་སྒར་ནས་ཕྱིར་ཐོན་རྗེས་བསྐྱར་དུ་ཆོས་སྒར་དུ་ཕྱིར་མི་ལོག་རྒྱུའི་ཁས་ལེན་བྱས་ཚེ་རྒྱ་སྒོར་ཁྲི་གཉིས་བྱ་དགའ་སྤྲོད་རྒྱུ་ཡིན་པ་དང་། གྲ་ཤག་རྩིས་སྤྲོད་བྱས་པ་ཡིན་ན་ད་དུང་རྒྱ་སྒོར་ཁྲི་གསུམ་གུན་གསབ་སྤྲོད་རྒྱུའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད་འདུག
ད་དུང་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན་ཁུལ་གྱི་གྲ་བཙུན་ཕྱིར་འབུད་བྱས་པ་མ་ཟད། གསེར་རྟ་རྗོང་གི་དགེ་འདུན་པ་༢༠༠་ཙམ་དང་། དཀར་མཛེས་རྗོང་གི་དགེ་བཙུན་་༡༠༠༠་ཕྱིར་ཕུད་རྩིས་བྱེད་བཞིན་པ་སོགས་གནས་ཚུལ་ནང་འཁོད་འདུག
རྒྱ་ནག་གིས་འཆར་གཞི་གཏན་འབེབས་བྱས་པའི་ནང་ཕྱི་ལོ་་༢༠༡༧་ཕྱི་ཟླ་དགུ་འི་ཚེས་༣༠་ནང་ཚུད་ལ་གྲ་བཙུན་ལྔ་སྟོང་གི་ཚད་གཞིར་གཏན་འབེབས་ཀྱི་ཐོག་ནས་གྲ་ཤག་དང་དགེ་བཙུན་གྱི་ཞལ་གྲངས་ཚད་གཞི་མཐུན་པ་བཟོ་རྒྱུར་ལག་བསྟར་བྱེད་བཞིན་པ་རེད་འདུག།
གསར་འགོད་པ་ཀརྨ་རྡོ་རྗེ།