རྒྱ་ནག་གི་དཔལ་འབྱོར་ཉིས་སྟོང་བཅུ་ལོར་འཕར་སྲིད་ལུགས།

ཕྱི་ལོ་ཉིས་སྟོང་བཅུའི་ནང་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་དགུ་དང་ཕྱེད་ཀ་ཙམ་གྱི་འཕེལ་རྒྱས་འགྲོ་རྒྱུ་ཡིན་ལུགས་གནས་ཚུལ་བཀོད་འདུག

2010.01.02

༄༅༎ཕྱི་ལོ་ཉིས་སྟོང་བཅུའི་ནང་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་དགུ་དང་ཕྱེད་ཀ་ཙམ་གྱི་འཕེལ་རྒྱས་འགྲོ་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་བཀོད་སྤེལ་བྱས་འདུག

དེ་ཡང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་ཞིབ་འཇུག་སྡེ་ཚན་གྱིས་སྙན་ཐོ་ཞིག་རྒྱ་ནག་དཔལ་འབྱོར་དུས་བབ་ཟེར་བ་དེའི་ནང་བཏོན་པར་གཞིགས་ན་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འབྱུང་གཞི་གཙོ་བོ་ནི་འདས་པའི་ལོ་ངོ་འགའ་ཤས་ཀྱི་ནང་རྒྱ་ནག་ནང་གི་ས་ཁང་གི་ཁྲོམ་རྭ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་ཟོག་གོང་གི་ཚད་གཞི་དམའ་པོར་བསྡད་པ་སོགས་ཡིན་པ་བརྗོད་འདུག་ཅིང་ཡང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཉམས་ཞིབ་པ་ཀྲང་ལི་ཆུན་གྱིས་འདས་པའི་ལོའི་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྟེན་གཞི་གཙོ་བོ་དངོས་ཟོག་ཕྱིར་འཚོང་གི་གནས་བབས་ཐད་དོ་ཕོག་འཕྲན་བུ་བྱུང་ཡོད་ཀྱང་ལོ་གསར་པ་འདིའི་ནང་ཕྱིར་ཚོང་གི་ཚད་གཞི་འཕར་ངེས་ཡིན་པའི་ཚོད་དཔག་བྱས་འདུག

རྒྱ་ནག་གཞུང་གི་དེ་སྔོན་ཕྱི་ལོ་ཉིས་སྟོང་བཅུའི་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་བརྒྱད་ཡས་མས་ཤིག་ཏུ་སྔོན་དཔག་བྱས་ཡོད་ན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་དཔག་དེ་ལས་མཐོ་བ་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་ཀྱི་ནང་ལས་ཀ་གསར་བསྐྲུན་དང་སྤྱི་ཚོགས་ཀྱི་བརྟན་ལྷིངས་འབྱུང་རྒྱུར་མ་མཐར་དཔལ་འབྱོར་བརྒྱ་ཆ་བརྒྱད་ཙམ་གྱི་འཕེལ་རྒྱས་དགོས་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

འདས་པའི་ཉིས་སྟོང་དགུའི་ལོ་དེའི་ཕྱི་ཟླ་དྲུག་པ་ནས་དགུ་པ་བར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་བརྒྱད་དང་གྲངས་ཆུང་དགུ་ཙམ་གྱི་འཕེལ་རྒྱས་བྱུང་ཡོད་ཅིང་འདི་ནི་འཛམ་གླིང་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་མཐོ་ཤོས་དེ་ཆགས་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཉམས་ཞིབ་པ་ཀྲང་གིས་ཚོད་དཔག་བྱེད་དོན་ལྟར་ན་ཕྱི་ལོ་ཉིས་སྟོང་བཅུའི་ནང་རྒྱ་ནག་ནང་གི་ས་ཁང་གི་རིན་གོང་བརྒྱ་ཆ་སུམ་ཅུ་ནས་བཞི་བཅུ་བར་འཕར་ཏེ་མ་རྩའི་ཁྲོམ་རྭའི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཆགས་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎