རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྦེ་རེ་ཛིལ་ཡུལ་དུ་འཚམས་གཟིགས།
2009.01.17
༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་དང་ཚོང་དོན་འབྲེལ་ལམ་དམ་ཟབ་ཡོད་པའི་ལྷོ་ཨ་མི་རི་ཀའི་སྦེ་རེ་ཛིལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཇལ་ཁྲེ་གཟའ་འཁོར་རྗེས་མ་སྦེརེ་ཛིལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་གཟའ་པ་སངས་ཉིན་གཞུང་འབྲེལ་དཔོན་རིགས་ཀྱིས་འགྲེལ་བརྗོད་གནང་བཞག སྦེརེ་ཛིལ་གྱི་ཕྱི་སྲིད་ལས་ཁང་གིས་དེའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་སྦེརེ་ཛིལ་ཡུལ་གྲུའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་གདན་ཞུ་གནང་སྟེ་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྦེརེ་ཛིལ་དུ་ཕེབས་འབྱོར་གནང་གི་ཡོད་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྦེརེ་ཛིལ་ནང་རྒྱལ་དོན་འཚམས་གཟིགས་གནང་རིང་སྦེརེ་ཛིལ་ཡུལ་གྱི་དཔོན་རིགས་རྣམ་པ་དང་ལྷན་དུ་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཟབ་ཏུ་གཏང་རྒྱུ་དང་ལྷག་པར་དུ་རྒྱ་ནག་དང་སྦེརེ་ཛིལ།་རྒྱ་གར་ལྟ་བུའི་ཡུལ་གྲུ་ཁག་གིས་རྒྱལ་སྤྱིའི་སྲིད་དོན་དང་དཔལ་འབྱོར་གྱི་སྟེགས་བུའི་ཐོག་ཐག་གཅོད་རང་བཞིན་ལྡན་པའི་སྟོབས་ཤུགས་ཀྱི་ནུས་པ་བཏོན་ཕྱོགས་སོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་མོལ་གནང་འཆར་ཡོད་པ་འཁོད་འདུག རྒྱ་ནག་དང་སྦེརེ་ཛིལ་ཡུལ་གྲུའི་དརབ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་ཨ་སྒོར་ཐེར་འབུམ་སུམ་ཅུ་སོ་དྲུག་དང་གྲངས་ཆུང་བཞི་ལྷག་ཙམ་གྱི་ཚོང་འབྲེལ་བྱུང་ཡོད་པ་དང་སྦེརེ་ཛིལ་ནི་རྒྱ་ནག་དང་ཚོང་གི་འབྲེལ་ལམ་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རི་ཕུད་པའི་ཨང་གཉིས་པ་དེ་ཡིན་ཞིང་སྦེརེ་ཛིལ་གྱིས་ཨ་སྒོར་ཐེར་འབུམ་ཉི་ཤུ་ཙམ་གནས་པའི་དངོས་ཟོག་རྒྱ་ནག་ནང་ལོ་ལྟར་ཚོང་འགྱུར་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་བཅུ་དྲུག་དང་གྲངས་ཆུང་བཞི་ལྷག་གནས་པའི་དངོས་ཟོག་སྦེརེ་ཛིལ་གྱི་ཁྲོམ་རའི་ནང་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད༎