རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ།
2009.02.09
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་བཀུར་ཞུ་གི་མེད་སྐོར་ཨེ་ཤེ་ཡ་གསར་འགྱུར་ཞེས་པའི་གསར་ཤོག་དེའི་བཅར་འདྲིར་ལན་འདེབས་གནང་ཡོད་པ་རེད།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་ནག་ནང་ཁྲིམས་ལུགས་དབང་འཛིན་གྱི་གནས་བབ་མེད་པ་དང་ཁྲིམས་གཅོད་དྲང་པོ་མེད་ཅིང་བོད་མི་མང་པོ་ཞིག་ལ་ཁྲིམས་ཐག་མ་བཅད་པར་རང་མཚམས་ཐོག་ལོ་མང་བཙོན་བཅུག་གི་ཉེས་ཆད་ཕོག་ཡོད་པ་རེད་ཅེས་གསུང་འདུག ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིར་ཁྲིམས་མདུན་ཞུ་གཏུགས་བྱེད་རྒྱུའི་རང་དབང་མེད་པ་མ་ཟད་རང་གི་རང་དབང་སྲུང་སྐྱོབས་བྱེད་རྒྱུར་ཁྲིམས་རྩོད་པ་གླས་ཆོག་གི་མེད་སྐོར་གསུང་འདུག ཁོང་གིས་འཛམ་གླིང་མི་མང་ནས་རྒྱ་ནག་གི་ཁྲིམས་ལུགས་ཀྱི་གནས་བབ་དེ་ཡང་ན་དྲང་བདེན་མེད་པའི་གནས་བབ་དེ་མཁྱེན་གྱི་ཡོད་ཀྱང་དེ་བཅོས་བསྒྱུར་གང་ཡང་གནང་མེད་སྐོར་གསུང་འདུག ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ད་བར་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེར་སྐྱོན་བརྗོད་ཀྱིས་གྲོས་ཆོད་གཅིག་ཀྱང་བཞག་ཐུབ་མེད་པ་རེད་ཅེས་དང་ད་ཐེངས་ཡང་སུད་སི་གྲོང་ཁྱེར་ཇི་ནི་ལྦ་ནང་ཚོགས་བཞིན་པའི་ཚོགས་འདུ་དེ་ཡང་དེ་སྔོན་བཞིན་བསྐྱར་ཟློས་ཤིག་ཆགས་སྲིད་ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་གནང་བ་དེས་རྒྱ་ནག་གིས་བརྡལ་བཤིག་བཏང་བའི་གནད་དོན་དེར་དོ་སྣང་དང་འཛམ་གླིང་གི་འགོ་འཁྲིད་རྣམས་དང་གཞུང་ཁག་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་དྲན་བསྐུལ་གསར་པ་ཞིག་ཆགས་རྒྱུ་ཡིན་སྐོར་གསུང་འདུག དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་སྔ་ལོ་ཕྱི་ཟླ་གསུམ་པ་ནས་ད་བར་བོད་ནང་རྒྱ་གཞུང་གིས་དྲག་གནོན་གྱི་ལས་འགུལ་ཇི་འདྲ་སྤེལ་དང་སྤེལ་བཞིན་པའི་གནད་དོན་སོགས་ཀྱི་སྐོར་ཡང་གསུང་ཡོད་པའི་གནས་ཚུལ་ཐོན་འདུག