རྒྱ་ནག་རང་ངོས་ནས་བསྡུས་བའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་སྤྱིའི་ཚོགས་འདུ།
2017.12.07
རྒྱ་ནག་གཞུང་གིས་རང་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་སྤྱིའི་ཚོགས་འདུ་ཞེས་པ་ཞིག་འདུ་སྐོང་གནང་ཡོད་འདུག
དེ་ཡང་(AP)་གསར་ཁང་གིས་སྤྱི་ཚེས་༧་ཉིན་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཕུར་པའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གིས་འདུ་སྐོང་བྱས་པའི་ལྷོ་ལྷོ་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཞེས་པའི་སྟེང་དུ། མང་ཆེ་ཤོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་༥༠་ལྷག་གི་སྐུ་ཚབ་ཁྱོན་བསྡོམས་༣༠༠་ཙམ་མཉམ་ཞུགས་གནང་ཡོད་འདུག་པ་དང་། མཛད་སྒོ་དབུ་འབྱེད་དེའི་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་གིས་གུང་ཁྲན་ཚོགས་པའི་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་འབྲེལ་ལམ་དང་མ་འོངས་མིའི་སྤྱི་ཚོགས་རིགས་ལ་ཐུན་མོང་ལེགས་སྐྱེས་ཕུལ་ཐུབ་པའི་སྤྱི་ཚོགས་ཞིག་བསྐྲུན་ཆེད་ལམ་ཕྱོགས་གསར་པ་ཞིག་བསྐྲུན་དགོས་པའི་དམིགས་ཡུལ་ངོས་འཛིན་ཐུབ་ཡོད་ལ། འདི་ནི་འགྲོ་བ་མིའི་སྤྱི་ཚོགས་འདི་གང་དུ་བསྐྱོད་བཞིན་པའི་དྲི་བར་རྒྱ་ནག་གི་ལན་འདེབས་ཞིག་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ཀྱི་འཕེལ་རྒྱས་ལའང་གོ་སྐབས་ཞིག་ཀྱང་ཕུལ་ཡོད་པ་རེད་ཅེས་བརྗོད་འདུག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་རྒྱ་ནག་སྐོར་ཀྱི་ཉམས་ཞིབ་པ་(William Nee)་ལགས་ཀྱིས་རྒྱ་ནག་གིས་རྒྱ་ཆེ་ས་ནས་རྒྱལ་སྤྱིའི་འཕེལ་ཕྱོགས་ལ་འབྲེལ་བ་ཡོད་པའི་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་ལྟ་བུར་སྤོབས་པ་བསྐྱེད་བཞིན་པའི་རྣམ་པ་དེས། ཨ་རིའི་Trump སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བརྩི་མེད་བྱས་པ་དེ་གསལ་པོ་མཚོན་ཐབས་བྱས་ཡོད་ལ། དོན་དམ་པའི་ཐོག་ནས་བཤད་ན། རྒྱ་ནག་གིས་གནད་དོན་དེ་བརྩི་མེད་རྡོག་རོལ་བཟོ་བཞིན་པའི་རྣམ་པ་ཞིག་མཚོན་ཡོད་ཅེས་བརྗོད་འདུག
དེ་བཞིན་ཡང་རྒྱལ་སྤྱིའི་ཆབ་སྲིད་མཁས་དབང་དགེ་རྒན་ཆེན་པོ་(Jonathan Holslag) ལགས་ཀྱིས་ནུབ་ཕྱོགས་ཀྱི་གུ་ཡངས་ཀྱི་སྟོབས་ཤུགས་དེ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་དང་བསྟུན་རྒྱ་ནག་གིས་རྒྱ་ནག་གི་སྟོབས་ཤུགས་དེ་སྲ་བརྟན་ཡོང་ཐབས་ཀྱི་གོ་སྐབས་ཞིག་མཐོང་བཞིན་ཡོད་པ་རེད་ཅེས་དབྱེ་ཞིབ་བྱས་འདུག
AP་གསར་ཁང་གིས་གོང་ཞུས་ཚོགས་འདུ་དེ་བཞིན་གཟའ་འཇུག་སྔོན་མའི་ནང་པེ་ཅིང་དུ་ཆབ་སྲིད་ཀྱི་ཚོགས་ཆེན་ཞིག་ཚོགས་རྗེས་བྱུང་ཡོད་པ་དང་། སྐབས་དེར་སྐུ་ཚབ་བརྒྱ་ཕྲག་ཙམ་ཞིིིིག་མཉམ་ཞུགས་བྱས་ནས་དེའི་ནང་གི་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་བསྔགས་བཏང་པ་སོགས་གནས་ཚུལ་བྱུང་ཡོད་པ་རེད། མ་ཟད་མི་ཚོགས་འདུ་འཛོམས་དེ་འདྲ་ཡོང་དོན་ཡང་སྤྱི་ཟླ་༡༠་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གྲོས་ཚོགས་ཚོགས་འདུ་ཞིག་ཚོགས་ཟིན་ནས་ཅུང་མ་འགོར་བས་ཡིན་ཞིང་། དེའི་སྟེང་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་དེ་བཞིན་ད་ནས་བཟུང་ཤར་ཕྱོགས་ནང་མཁྲེགས་པོ་དང་མཐོ་པོའི་སྒོ་ནས་ལངས་ཕྱོགས་བརྟན་པོ་འཛིན་རྒྱུ་ཡིན་པ་མ་ཟད། རྒྱ་ནག་དེ་བཞིན་དུས་རབས་གསར་པ་ཞིག་གི་ནང་དུ་འཛུལ་ཞུགས་ཐུབ་ཡོད་པ་སོགས་བསྒྲགས་ཡོད་པ་རེད་ཅེས་འཁོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།