རྒྱ་ནག་ཏུ་གསར་འགོད་གནས་ཚུལ་གཏོང་ཕྱོཌ་ལ་དམ་བསྒྲཌ།
2010.02.01
༄༅༎སྦ་ར་སེལ་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོའི་ནང་གསར་འགོད་པས་གནས་ཚུལ་གཏོང་ཕྱོགས་ལ་བཏང་འཛིན་ཧ་ཅང་ནན་པོ་བྱས་ཡོད་པའི་སྐོར་འཁོད་ཡོད་ཅིང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་ཏུ་ཨོ་ལེམ་ཕིག་རྩེད་འགྲན་ཚོགས་པ་ནས་བཟུང་གསར་འགོད་པའི་གནས་ཚུལ་གཏོང་སྤེལ་ཐོག་ལ་སྒྲིག་སྲོལ་བརྒྱ་ཕྲག་མང་པོ་གཏན་འབེབས་བྱས་ཏེ་གསར་འགོད་པས་རྒྱ་ནག་ནང་གི་སྤྱི་ཚོགས་བརྟན་ལྷིང་མེད་པའི་གནས་ཚུལ་དང་སྤྱི་ཚོགས་ཐོག་གི་དོན་རྐྱེན་སྐོར་རྩོམ་བྲིས་དང་གསར་འགྱུར་གཏོང་སྤེལ་བྱེད་པར་ཚད་ཐོའི་བཀག་འགོག་བྱས་ཡོད་པའི་ཁར་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་ནང་དུ་ཕྲུ་གུའི་འོ་ཙམ་ནང་དུག་རྫས་བསྲེས་ལྷག་བཏང་བའི་དོན་རྐྱེན་ཚབས་ཆེ་ཐོན་པའི་སྐབས་ རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་དེའི་སྐོར་གནས་ཚུལ་རྩོམ་བྲིས་དང་གཏོང་སྤེལ་བྱ་རྒྱུར་ངེས་པར་དུ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་ཤོག་ཐོག་བཀོད་ཐོན་བྱུང་བའི་གསར་འགྱུར་ཁོ་ན་བེད་སྤྱོད་ཆོག་པ་ལས་དེ་མིན་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་མི་ཆོག་པའི་བཀག་བསྡོམ་བྱས་ཡོད་པ་མ་ཟད་ ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ཟིན་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་ཡུལ་དུ་གནས་ཚུལ་མཁོ་སྒྲུབ་བྱེད་པར་འགྲོ་བསྐྱོད་བཀག་འགོག་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་ ད་དུང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལ་དྲག་པོའི་རྡུང་རྡེག་བཏང་བའི་ཁར་ ཁོང་ཚོའི་གསར་འགྱུར་མཁོ་སྒྲུབ་བྱེད་པར་མཁོ་བའི་ཡོ་ཆས་ཀྱང་གཏོར་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད་པ་སོགས་བཀོད་ཡོད་པ་རེད་ ཡིན་ནའི་ད་ལྟའི་ཆར་རྒྱལ་སྤྱིའི་གསར་འགོད་པའི་ལྷན་ཚོགས་ཀྱི་སྙན་ཐོ་དེའི་ཐོག་རྒྱ་ནག་གཞུང་གིས་ལན་འདེབས་གང་ཡང་བྱས་མིན་འདུག