བོད་ནང་དམ་བསྒྲཌ་ནན་པོ་བྱེད་དགོས་པའི་བཀོད་ཁྱབ་བཏང་བ།
2009.02.19
༄༅༎རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་བཟུང་མི་ལོ་ལྔ་བཅུ་འཁོར་ལ་ཉེ་བའི་སྐབས་བོད་མི་ཚོས་རྒྱ་ནག་གཞུང་ལ་གྱེན་ལངས་ལ་སོགས་པའི་ངོ་རྒོལ་གྱི་ལས་འགུལ་དང་ཡང་མང་ཚོགས་ཁྲོད་ནས་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་རྒྱབ་བསྐྱོར་ཞུ་བའི་རྣམ་པ་མཚོན་པའི་ལས་འགུལ་རིགས་བཀག་སྡོམ་ཆེད་བོད་ནང་ས་གནས་སྲིད་གཞུང་དང་བདེ་འཇགས་ཚན་པ་ཁག་ནས་དྲག་གནོན་ཤུགས་ཆེ་བྱེད་དགོས་སྐོར་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གི་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ཁ་ས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཚོས་ཚོགས་འདུ་ཚོགས་ཡོད་པ་དང་ཚོགས་འདུ་འདིའི་ཐོག་ནས་འདི་ལོ་གསུམ་བཅུའི་དུས་དྲན་སྔོན་ཚུད་དུ་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་ཚོས་ཞི་རྒོལ་སྔོན་འགོག་དང་འགོག་སྲུང་སླད་དམར་ཤོག་ཚོགས་པ་དང་ས་གནས་སྲིད་གཞུང།བདེ་འཇགས་ཚན་པ་དང་ཉེན་རྟོག་ལས་ཁང་བཅས་འབྲེལ་ཡོད་ཚན་པ་ཚང་མས་ཏཱ་ལའི་རུ་ཚོགས་ལ་ཁ་གཏད་གཅོག་རྒྱུ་དང་ཁ་བྲལ་རིང་ལུགས་ལ་ཕམ་ཉེས་གཏོང་བ་དང་དེ་བཞིན་སྤྱི་ཚོགས་ཀྱི་བརྟན་ལྷིང་དོན་དུ་མང་ཚོགས་ཀྱི་དམག་འཐབ་སྐུལ་སློང་བྱེད་དགོས་ལུགས་བཅས་བཀོད་ཁྱབ་བཏང་ཡོད་པ་རེད། ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་བདེ་འཇགས་ཀྱི་ཐད་ནས་སྲུང་བྱའི་ལས་དོན་གྲ་སྒྲིག་བྱ་ཕྱོགས་སྐོར་གནས་ཚུལ་ཞིབ་ཕྲ་གང་ཡང་བཀོད་མེད་པ་རེད། བོད་ལྗོངས་ཉིན་རེའི་གསར་ཤོག་གིས་གནས་ཚུལ་བཀོད་གསལ་ལྟར་ན་ད་རེས་ཀྱི་གཞུང་འབྲེལ་བཀོད་ཁྱབ་འདི་བཞིན་རྒྱ་ནག་གིས་བོད་ནང་སྤྱི་ཚོགས་བཅོས་བསྒྱུར་གྱི་ལས་དོན་འགོ་བཙུགས་བྱས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས་སྤྱི་ཚོགས་བརྟན་ལྷིང་གི་དོན་དུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག ཡིན་ཡང་དོན་དངོས་ཀྱི་ཆ་ནས་འདི་ལོ་གསུམ་བཅུའི་དུས་དྲན་གྱི་དུས་ཚིགས་འདི་བཞིན་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་ནས་མི་ལོ་དྲུག་ཅུ་འཁོར་བ་དང་དངོས་སུ་བོད་དབང་བསྒྱུར་བྱས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚེས་འཁེལ་གྱི་ཡོད་པ་མ་ཟད་སྔ་ལོ་བོད་ས་ཡོངས་རྫོགས་སུ་རྒྱ་ནག་གི་བཙན་གནོན་ལ་ཞི་རྒོལ་རྒྱ་ཁྱབ་བྱུང་པ་དང་དེའི་ཁྲོད་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་བྱས་དང་བྱེད་མུས་ཀྱི་གནས་སྟངས་འོག བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་སླར་ཡང་བོད་མི་ཚོས་ཞི་རྒོལ་འབྱུང་སྲིད་པའི་ཐུགས་འཚབ་ཡང་གསལ་འདོན་གནང་ཡོད་པ་རེད༎