རྒྱ་ནག་གིས་ལྷོ་ཀོ་རི་ཡ་དང་ཨ་རི་ལ་ཉེན་བརྡ་བཏང་ཡོད་པ།
2010.11.26
༄༅༎གཟའ་འཁོར་དེའི་གཟའ་མཇུག་ཏུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའ་གཉིས་ཟུང་སྦྲེལ་ཐོག་རྒྱ་ནག་གི་དཔལ་འབྱོར་གྱི་དམིགས་བསལ་ས་ཁུལ་ནང་དམག་སྦྱོང་གི་ལས་དོན་སྤེལ་རྒྱུར་རྒྱ་ནག་གཞུང་གིས་དེ་རིང་རེས་གཟའ་པ་སངས་ཉིན་ཉེན་བརྡ་བཏང་ཡོད་པ་རེད་
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་རྒྱ་ནག་གཞུང་གི་བཀའ་ཁྲོལ་མེད་པར་རྒྱ་ནག་གི་དཔལ་འབྱོར་གྱི་དམིགས་བསལ་ས་ཁུལ་ཁག་ནང་གང་བྱུང་གིས་དམག་སྦྱོང་བྱེད་རྒྱུའི་ཐོག་ང་ཚོ་སེམས་ཚབས་ཆེན་པོ་འདུག་པས་གནད་དོན་དེ་ནི་གཙང་མ་ཞིག་བཟོ་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད་ ཡང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ལྷོ་བྱང་ཀོ་རི་ཡའ་གཉིས་དབར་གྱི་མཚོ་ཁའི་ཐོག་དམག་འཐབ་ཀྱི་དོན་རྐྱེན་དེ་བྱུང་བའི་རྗེས་ཨ་མི་རི་ཀ་དང་ ལྷོ་ཀོ་རི་ཡའ་གཉིས་ཟུང་སྦྲེལ་གྱི་དམག་སྦྱོང་བྱེད་རྒྱུར་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཉེན་བརྡ་བཏང་ཡོད་པ་རེད་ ད་རེས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའ་ཡུལ་གྲུ་གཉིས་དབར་ཉིན་གྲངས་བཞིའི་རིང་དམག་སྦྱོང་གི་ལས་དོན་སྤེལ་རྒྱུའི་ཐད་ཕྱོགས་གཉིས་ཀའི་ཐོག་ནས་རྒྱ་ནག་གཞུང་ལ་བཀའ་ཁྲོལ་ཞུས་ཡོད་པ་རེད་ ཡིན་ནའང་རྒྱ་ནག་གཞུང་གིས་ད་རེས་ཀྱི་དམག་སྦྱོང་ལས་དོན་དེའི་ཐོག་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་