བལ་ཡུལ་གྱིས་བཙན་བྱོལ་ཡོང་མཁན་བོད་མི་རྒྱ་མིར་རྩིས་སྤྲོད།

བལ་ཡུལ་གཞུང་གིས་རྒྱ་མིའི་ས་མཚམས་དམག་མིར་བོད་མི་གསུམ་རྩིས་སྤྲོད་བྱས་པའི་ནང་ནས་བོད་མི་གཉིས་བཙོན་ཁང་དུ་བཅུག་ཡོད་པའི་སྐོར།

2010.07.28

༄༅༎བལ་ཡུལ་གཞུང་གིས་ཟླ་བ་སྔོན་མ་བོད་ནས་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཡོང་མཁན་དགེ་འདུན་གཉིས་དང་བེུད་གཅིག་བཅས་བོད་མི་གསུམ་རྒྱ་མིའི་ས་མཚམས་དམག་མིར་རྩིས་སྤྲོད་བྱས་པའི་རྗེས་ ད་ཆ་བོད་མི་དེ་དག་ནང་ནས་བོད་མི་གཉིས་རྒྱ་ནག་གི་བཙོན་ཁང་དུ་བཅུག་ཡོད་པའི་སྐོར་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་གནས་ཚུལ་སྤེལ་འདུག   

བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་སྦྱང་བརྩོན་བྱ་རྒྱུར་འགོག་རྐྱེན་དང་དཀའ་ངལ་ཡོད་པར་བརྟེན་ནས་ལོ་ལྟར་བོད་མི་སྟོང་ཁྲག་བརྒལ་བ་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་གི་ཡོད་པ་དང་ སྤྱིར་བཏང་བལ་ཡུལ་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་པའི་ལས་ཁང་དབར་བོད་ནས་བལ་ཡུལ་བརྒྱུད་ རྒྱ་གར་ནང་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་ཡོང་རྒྱུའི་གྲོས་མཐུན་ཁག་ལ་བལ་ཡུལ་གཞུང་གིས་དེ་སྔོན་ནས་ཁས་ལེན་བྱས་ཡོད་ན་ཡང་ ཉེ་བའི་ལོ་ཤས་ནང་བལ་ཡུལ་གྱི་ཆབ་སྲིད་ལ་འཕོ་འགྱུར་ཕྱིན་ནས་བལ་ཡུལ་གྱི་གཞུང་དམར་ཤོག་ཚོགས་པས་དབང་བསྒྱུར་བྱས་ནས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་བཏང་སྟེ་ རྒྱ་ནག་གིས་བལ་ཡུལ་ནང་དཔལ་འབྱོར་དང་འཛུགས་སྐྲུན་རོགས་རམ་གྱི་ཐོག་ནས་བལ་ཡུལ་གཞུང་གིས་བོད་མི་ཚོར་སྟངས་འཛིན་དམ་བསྒྲགས་བྱ་རྒྱུའི་དགོས་འདུན་བཏོན་གྱི་ཡོད་པ་བཞིན་ བལ་ཡུལ་བརྒྱུད་ནས་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོ་ བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་གིས་ རྒྱ་ནག་གི་མཐའ་སྲུང་དམག་མིར་རྩིས་སྤྲོད་བྱེད་ཀྱི་ཡོད་པ་དང་ ལྷག་པར་དུ་ཉིས་སྟོང་བརྒྱད་ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བའི་རྗེས་གནས་སྟངས་དེ་དེ་བས་ཛ་དྲག་ཏུ་ཕྱིན་ཡོད་པ་རེད་

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མེ་རི་སྦེཐ་མའར་ཀི་ཡིས་གསུང་ན་ བལ་ཡུལ་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་ལྷན་དུ་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོར་བདེ་འཇགས་ཡོང་རྒྱུའི་ཁས་ལེན་ལག་བསྟར་གནང་ཏེ་ཕྱོགས་གཉིས་དབར་གནད་དོན་དེའི་ཐོག་ཞིབ་ཕྲའི་བརྟག་དཔྱད་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་

གནད་དོན་དེའི་ཐོག་ཕ་རན་སི་གསར་འགྱུར་རྒྱུད་ལམ་གྱི་གསར་འགོད་པས་བལ་ཡུལ་ནང་སྲིད་ལས་ཁང་གི་མགྲིན་ཚབ་པར་བཀའ་འདྲི་ཞུས་ཡོད་ཀྱང་མགྲིན་ཚབ་པ་དེས་གནས་ཚུལ་དེ་རིགས་ཡོད་པ་ཁོང་ཚོས་ཤེས་རྟོགས་མ་བྱུང་ལུགས་བརྗོད་ནས་ལན་འདེབས་བྱས་མེད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎