རྒྱ་ནག་ཏུ་ཁྲིམས་རྩོད་པ་སོགས་མི་༥༤འཛིན་བཟུང༌།
2011.04.15
༄༅༎རྒྱ་ནག་གཞུང་གིས་དཀྱིལ་ཤར་ཡུལ་གྲུའི་དམངས་གཙོའི་ལས་འགུལ་དེའི་ཚ་རླབས་རྒྱ་ནག་ནང་དུ་ཡོང་རྒྱུའི་དོགས་ཟོན་འོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཁྲིམས་རྩོད་པ་དང་དམངས་གཙོའི་ལས་འགུལ་སྤེལ་མཁན་མི་གྲངས་༥༤ལྷག་འཛིན་བཟུང་བྱས་ཡོད་པ་རེད།
དེ་རིང་ཧོང་ཀོང་ནང་དུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང། ཉེ་བའི་ཆར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཐོག་རྡུང་རྡེག་གཏོང་བའི་ཛ་དྲག་གི་བྱ་སྤྱོད་སྤེལ་བའི་ནང་ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་གསུམ་ཉིན་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་འཛིན་བཟུང་བྱས་ཡོད་པ་དང༌། ད་རེས་ཉེ་ཆར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་གཅིག་ནི་རྒྱ་ནག་ནང་མི་དམངས་ཀྱི་ས་ཁང་གི་བདག་དབང་རྩོད་ལེན་གནང་མཁན་དབང་པོ་སྐྱོན་ཅན་དུ་གྱུར་བ་བེུད་ནི་ཡུའུ་ལན་དང་ཁོང་གི་བཟའ་ཟླ་གཉིས་ཡིན་ཞིང༌། ནི་ཡུའུ་ལན་ནི་རྒྱ་ནང་ནང་དཀྲོག་རྐྱེན་སློང་ཐབས་བྱས་པའི་ཉེས་འཛུགས་འོག་ཕྱི་ཟླ་བཞི་པའི་ཚེས་༧ཉིན་འཛིན་བཟུང་བྱས་པ་དང༌། ཁོང་གི་བཟའ་ཟླ་ཏོང་ནི་པེ་ཅིང་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་རྗེས་གར་སོང་གི་གནས་ཚུལ་ཐོས་རྒྱུ་མེད་པར་གྱུར་ཡོད་པའི་སྐོར་བཀོད་ཡོད་པ་རེད། རོའུ་ཀྲར་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང། རྒྱ་ནག་གཞུང་གིས་བར་ལམ་དཀྱིལ་ཤར་ཡུལ་གྲུའི་ནང་མི་དམངས་ཀྱིས་གཞུང་བཅོས་བསྒྱུར་དགོས་པའི་དམངས་གཙོའི་ལས་འགུལ་སྤེལ་བའི་རྗེས། རྒྱ་ཡིག་དྲ་རྒྱའི་ཐོག་ལ་རྒྱ་ནག་ནང་དུ་དེའི་ཚ་རླབས་ཁྱབ་སྤེལ་གཏོང་དགོས་པའི་སྐུལ་སློང་གི་གནས་ཚུལ་ཐོན་པར་སོང༌། རྒྱ་ནག་གཞུང་གིས་ཕྱི་ཟླ་གཉིས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྕོད་པ་དང་དམངས་གཙོའི་ལས་འགུལ་སྤེལ་མཁན་མང་པོ་ཞིག་འཛིན་བཟུང་བྱས་པ་རྣམས་ལ་དུས་དེ་ནས་བཟུང་ཕ་མ་སྤུན་མཆེད་དང་འཐབ་གྲོགས་སུ་གཅིག་དང་འབྲེལ་བ་བྱེད་ཐབས་མེད་པ་བཟོས་ཡོད་པའི་སྐོར་བཀོད་ཡོད་པ་རེད། ད་དུང་ལོ་ན་༤༩ཡིན་པའི་ཁྲིམས་རྩོད་པ་ནི་ཡུའུ་ལན་ནི་དྲ་རྒྱའི་ཐོག་མེ་ཏོག་ཀུཊའི་དམངས་གཙོའི་ལས་འགུལ་བརྒྱུད་སྐུལ་བྱས་པའི་ལས་འགུལ་ནང་མཉམ་ཞུགས་བྱས་མེད་པ་དང༌། ཁོང་ནི་མི་དམངས་ཀྱི་ས་ཁང་གི་བདག་དབང་རྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པ་དང༌། ༢༠༠༢ལོར་རྒྱ་ནག་གཞུང་གིས་བཙན་དབང་གིས་མི་དམངས་ཀྱི་སྡོད་ཁྱིམ་རྩ་གཏོར་བཏང་བ་བརྙན་པར་ལེན་པའི་སྐབས་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེ་བཏང་སྟེ། འགྲོ་བསྐྱོད་མ་ཐུབ་པར་འཁོར་ལོ་ཅན་གྱི་སྐུབ་སྟེགས་ཐོག་སྡོད་མཁན་ཞིག་བཟོས་ཡོད་པར་བརྟེན་ཁོང་གི་གཟུགས་པའི་གནས་སྟངས་འགུལ་བསྐྱོད་ཐུབ་མཁན་ཞིག་མིན་པར་སོང་ཁོང་གིས་ལས་འགུལ་དེའི་འདྲའི་ནང་མཉམ་ཞུགས་བྱ་མི་དགོས་པ་གཟབ་ནན་བྱས་ཡོད་པ་རེད་ཅེས་ཁོང་གི་དགའ་ཉེ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།