རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱ་རྒྱུར་ད་དུང་དམ་བསྒྲགས་ཆེ།
2010.02.23
༄༅༎རྒྱ་ནག་གཞུང་གི་བཟོ་རིག་བློན་ཆེན་ལས་ཁང་གིས་རྒྱ་ནག་ནང་ཨིན་ཀྲར་དྲ་རྒྱ་བེད་སྤྱོད་བྱ་རྒྱུར་ད་དུང་དམ་བསྒྲགས་ཤུགས་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་ གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་བཟོ་ལས་དང་འཕྲུལ་རིག་ལས་དོན་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་ ད་ནས་བཟུང་རྒྱ་ནག་ནང་དྲ་རྒྱ་བདག་གཉེར་བྱ་འདོད་ཡོད་རིགས་ཚང་མས་དག་ཐོག་དྲ་རྒྱ་དོ་དམ་པའི་ལས་བྱེད་པ་དང་དངོས་སུ་ཐུག་འཕྲད་བྱ་དགོས་པ་གསལ་ཡོད་པ་རེད།
དེ་ནི་གཙོ་བོ་མཁྲེགས་གཅོད་བརྙན་དཔར་གྱི་ལས་རིགས་འགོག་ཐབས་ཆེད་ཡིན་པ་གསལ་བཤད་བྱས་ཡོད་ཅིང་ སྔ་ལོ་ཕྱི་ཟླ་བཅིུས་པའི་ནང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ རྒྱ་ནག་ནང་གི་དྲ་རྒྱ་ཁག་གི་ནང་མཁྲེགས་གཅོད་རང་བཞིན་གྱི་བརྙན་པར་སོགས་ཡོད་མིན་ཞིབ་འཇུག་བལྟ་རྟོག་ཚུལ་ལྡན་མེད་པའི་སྐྱོན་བརྗོད་ཀྱི་གནས་ཚུལ་ཐོན་རྗེས་ རྒྱ་ནག་ནང་གི་དྲ་རྒྱའི་ཁ་བྱང་གསར་པ་མང་དག་ཅིག་དེབ་སྐྱེལ་བྱ་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་ད་ཆ་དམ་བསྒྲགས་དེ་དག་ཕྱིར་བསྡུ་བྱས་ཡོད་པ་རེད། འོན་ཀྱང་དྲ་རྒྱ་བདག་གཉེར་བྱ་མཁན་གསར་པ་ཚོས་རང་ཉིད་ཀྱི་དྲ་རྒྱ་དེབ་སྐྱེལ་བྱ་རྒྱུར་དོ་བདག་སོ་སོའི་ངོ་སྤྲོད་ཡིག་ཆ་དང་འདྲ་པར་སོགས་དྲ་རྒྱ་དོ་དམ་པའི་ལས་བྱེད་པར་དངོས་སུ་སྤྲོད་དགོས་རྒྱུའི་ཁྲིམས་ལུགས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་རེད།
ཁྲིམས་ལུགས་གསར་པ་འདི་བཞིན་རྒྱ་ནག་དང་གུའུ་གལ་Googleཁེ་གཉེར་ལས་ཁང་དབར་གུའུ་གལ་སླར་ཡང་རྒྱ་ནག་ནང་ཨིན་ཀྲར་དྲ་རྒྱའི་ལས་རིགས་ཐོག་ཚོང་ལས་ཀྱི་ལས་དོན་སྤེལ་རྒྱུའི་ཐད་གྲོས་མོལ་བྱེད་བཞིན་པའི་སྐབས་སུ་གསལ་བསྒྲགས་བྱས་པ་ཞིག་ཡིན་ཞིང་ གྲོས་མོལ་གྱི་ནང་དོན་སྐོར་ཕྱོགས་གཉིས་ཀས་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་རེད།
རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱ་མཁན་ས་ཡ་༣༨༤ཙམ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་རྒྱ་ནག་གཞུང་ཕྱོགས་ནས་དྲ་རྒྱའི་ནང་དོན་བཀག་འགོག་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།