རྒྱ་ནག་གི་འགོ་ཁྲིད་ཚོས་ ༢༠༢༥ ལོའི་དཔལ་འབྱོར་འཆར་གཞི་བཟོ་ཆེད་ཚོགས་འདུ་བསྡུས་ཡོད་འདུག

2024.12.09
རྒྱ་ནག་གི་འགོ་ཁྲིད་ཚོས་ ༢༠༢༥ ལོའི་དཔལ་འབྱོར་འཆར་གཞི་བཟོ་ཆེད་ཚོགས་འདུ་བསྡུས་ཡོད་འདུག རྒྱ་ནག་དབུས་མི་དམངས་དངུལ་ཁང་།
@PDChina

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་མཐོ་རིམ་འགོ་ཁྲིད་རྣམས་འདི་ཚེས་༩གཟའ་ཟླ་བའི་ཉིན་ལྷན་འཛོམས་ཀྱིས་༢༠༢༥ ལོའི་དཔལ་འབྱོར་འཆར་གཞི་བཏོན་ནས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་དང་། དོ་མི་མཉམ་པའི་གནས་སྟངས་འོག་དངུལ་ལོར་སྲིད་ཇུས་སྔར་ལས་གུ་ཡངས་བཀོད་སྒྲིག་བྱེད་ཐུབ་པར་འབོད་སྐུལ་བྱས་ཡོད་འདུག
ཉེ་ལམ་ཕྱི་ཟླ་༩པ་ནས་བཟུང་རྒྱ་ནག་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་ཅིག་བཏོན་ཡོད་པ་དེའི་ནང་སྐྱེད་ཀ་གཅོག་པ་དང་ཁང་པ་ཉོ་བའི་བཀག་སྡོམ་མེད་པར་བཟོ་བ། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཚུད་འདུག
དེའི་ཐད་སྲིད་ཇུས་ཉམས་ཞིབ་པ་ཚེ་དབང་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཐོ་རིམ་འགོ་ཁྲིད་ཚོས་༢༠༢༥་ལོའི་རྒྱ་ནག་གི་དཔལ་འབྱོར་འཆར་གཞི་བཟོ་ཆེད་ཚོགས་འདུ་བསྡུས་རྗེས་བསྒྲགས་གཏམ་སྤེལ་བའི་ནང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་ལྷུག་གཏོང་དང་འགྱུར་བ་ཤུགས་ཆེན་པོ་གཏོང་རྒྱུ་ཡིན་པ་བརྗོད་པར་འཛམ་གླིང་གི་མི་ཚང་མས་དོ་སྣང་བྱེད་ཡུལ་དུ་གྱུར་འདུག དེ་ནི་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་དམིགས་ཚད་ལོངས་ཀྱི་མེད་པའི་ཐོག་འདས་བའི་ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་ཁྱོམ་ཡོངས་ནས་ཉམས་རྒུད་ཤུགས་ཆེན་སོང་བ་སོགས་ལ་བརྟེན་དཀའ་ངལ་དེ་དག་ལ་གདོང་ལེན་དང་། དཔལ་འབྱོར་སྲིད་ཇུས་ཐད་གུ་ཡངས་ལྷུག་གཏོང་གི་འགྱུར་བ་མི་གཏོང་རང་གཏོང་ཆགས་ཡོད་པའི་དགོངས་ཚུལ་གསུངས་བྱུང་།
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གི་ཆེས་མཐོའི་ཐབས་ཇུས་ཐག་གཅོད་སྡེ་ཚན་ཆབ་སྲིད་ཅུའུ་ཡིས་༢༠༢༥ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པའི་ཚོགས་འདུ་འཚོགས་ཡོད་སྐོར་དང་། རྒྱ་ནག་གི་དཔོན་རིགས་ཀྱིས་ང་ཚོས་ངེས་པར་དུ་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ་དང་། མ་རྩ་འཇོག་པའི་ཚད་མཐོར་འདེགས་གཏོང་བ། རྒྱལ་ནང་གི་དགོས་མཁོ་ཁྱོན་ཡོངས་ནས་རྒྱ་བསྐྱེད་གཏོང་དགོས། ཞེས་དང་། གཞན་ཡང་སང་ལོར་ང་ཚོས་སྔར་ལས་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ལྷོད་པོ་ལག་བསྟར་བྱེད་དགོས་ཞེས་བརྗོད་ཡོད་སྐོར་གནས་ཚུལ་ནང་ལུངས་འདྲེན་བྱས་འདུག
འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་གཉིས་པ་ཡིན་པའི་རྒྱ་ནག་རྒྱལ་ཁབ་ནང་འཛད་སྤྱོད་མགྱོགས་པོ་མེད་པ་དང་། ཁང་པ་ཉོ་ཚོང་གི་ལས་རིགས་ནང་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་མ་ཟད། གཞུང་གི་བུ་ལོན་འཕར་མ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་འདི་དག་ཚང་མས་རྒྱ་ནག་གཞུང་གི་དཔལ་འབྱོར་འཕར་ཚད་དམིགས་ཚད་ལ་ཉེན་ཁ་འཕྲད་བཞིན་ཡོད་འདུག
རྒྱ་ནག་གི་འགོ་ཁྲིད་ཚོས་ད་དུང་ཨ་རིའི་སྲིད་བདམས་ཐོན་སྲིད་འཛིན་(Donald Trump) ཡིས་སྐབས་གཉིས་པའི་ལས་ཁུར་ལའང་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། བདམས་ཐོན་སྲིད་འཛིན་(Trump) ཡིས་སླར་ཡང་ཚོང་དོན་སྲིད་ཇུས་དམ་པོར་འཛིན་རྒྱུ་ཡིན་ཞེས་གསུངས་ཡོད་པ་དེས་སྟོབས་ཆེན་རྒྱལ་ཁབ་བར་བསྐྱར་དུ་དཀའ་ངལ་འཕར་མ་འཕྲད་རྒྱུའི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད།
དཔལ་འབྱོར་མཁས་པ་ཚོས་ཨ་རི་དང་ཚོང་དོན་དམག་འཁྲུག་གསར་པ་འབྱུང་རྒྱུའི་སེམས་ཁྲལ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་དཔལ་འབྱོར་སླར་གསོ་བྱེད་པར་རྒྱལ་ནང་གི་འཛད་སྤྱོད་ལ་སྐུལ་འདེད་བྱེད་ཐབས་མང་བ་སྤྱོད་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག


གསར་འགོད་པ། རྡོ་རྗེ་མཚོ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎