མདོ་སྨད་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ནང་གི་བྱི་ནད་གནས་སྟངས།
2009.08.08
༄༅༎མདོ་སྨད་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ངམ་རྩི་གོར་ཐང་རྫོང་དུ་ཤིན་ཏུ་ཉེན་ཚབས་ཅན་གྱི་གློ་བུར་བབ་པའི་བྱི་ནད་བྱུང་སྟེ་ད་ཆ་གཉན་རིམས་དེ་དག་བཀག་སྡོམས་བྱེད་ཐུབ་ཡོད་པར་བརྟེན་དེ་སྔོན་ཉེན་གཡོལ་དུ་ཕྱིན་པའི་མི་དམངས་ཚོ་རིམ་པས་ཕྱིར་ལོག་བྱེད་བཞིན་ཡོད་པ་མ་ཟད་ཚོང་ཁང་དང་ཟ་ཁང་སོགས་ཀྱང་བསྐྱར་དུ་སྒོ་ཕྱེ་ཡོད་པའི་གནས་ཚུལ་འདུག
ཉེ་དུས་ཟླ་བ་བདུན་པའི་ཟླ་མཇུག་ཙམ་དུ་མདོ་སྨད་ཞིན་ཧེ་རྫོང་ཏཱ་ཧོ་པ་ཞང་ལྔ་རྒྱ་འབྲོག་ཁུལ་དུ་གློ་བར་བབ་པའི་བྱི་ནད་འགོས་ཁྱབ་ཕྱིན་ནས་ད་བར་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་ཁྱོན་བསྡོམས་མི་བརྒྱད་ལ་གློ་བར་བབ་པའི་བྱི་ནད་དེ་འགོས་ནད་ཞིན་ཧེ་རྫོང་བོད་པའི་སྨན་ཁང་ནང་སྨན་བཅོས་བྱས་རྗེས་ད་ལྟ་ཁོང་ཚོའི་ནད་གཞི་དྲག་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་དེ་མིན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ཞིན་ཧེ་རྫོང་བོད་སྨན་ཁང་ནང་དུ་བྱི་ནད་བྱུང་པའི་ནད་པ་བརྒྱད་ལ་ཞིང་ཆེན་གཞན་དང་ཁུལ་རིམ་པའི་ཆེད་ལས་མཁས་པའི་ཚོགས་པ་དང་དེ་མིན་རྫོང་གཞན་དག་ནས་རོགས་རམ་ཆེད་ཡོང་བའི་སྨན་པ་སོགས་ཁྱོན་བསྡོམས་མི་སྣ་ཉེས་བརྒྱ་ལྷག་གིས་ནད་པར་སྨན་བཅོས་དང་ལྟ་རྟོགས།ལྟ་ཞིབ་སོགས་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་ཞིན་ཧེ་རྫོང་ཏཱ་ཧོ་པ་ཞང་རྔ་རྒྱ་སྡེ་བའི་འབྲོག་མི་གསུམ་ལ་གློ་བར་བབ་པའི་བྱི་ནད་བྱུང་སྟེ་རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་མི་གཞན་པ་འདས་གྲོངས་ཕྱིན་མེད་པ་རེད། བྱི་ནད་འགོས་པའི་མི་བརྒྱད་པོ་དེ་ཚོའང་ད་ལྟ་དྲག་ཡོད་པའི་ཐོག་ད་དུང་ཐོག་མ་བྱི་ནད་དེ་བྱུང་ཡུལ་རྔ་རྒྱ་ས་ཁུལ་དང་ས་གནས་གཞན་སོགས་སུ་འགོས་ཁྱབ་དུ་མི་འགྲོ་བའི་སྟངས་འཛིན་བྱེད་ཐུབ་ཡོད་པར་བརྟེན་འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་དོན་ལྟར་ན་དེ་སྔོན་གྱི་བཀག་རྒྱ་ཁག་རིམ་བཞིན་ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་འདུག གང་ལྟར་གློ་བར་བབ་པའི་བྱི་ནད་ནི་བྱི་ནད་ཀྱི་རིགས་གསུམ་ནང་ནས་ཚབས་ཆེ་ཤོས་དེ་ཡིན་པས་ཤི་ཚད་ཧ་ཅང་མཐོ་ཞིང་དེ་སྔོན་གྱི་ལོ་རྒྱུས་ལྟར་ན་ནད་གཞི་དེ་འགོས་ན་ཕལ་ཆེར་བརྒྱ་ཆ་བརྒྱ་ཤི་རྒྱུ་ཡིན་པ་གཏན་འཁེལ་བ་རེད། དེར་བརྟེན་ཚང་མས་གང་ཐུབ་ཐུབ་ཀྱིས་གཟབ་གཟབ་དང་དོགས་ཟོན་བྱ་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ཞིང་ད་དུང་ཡིན་ཡང་ལྷོད་ཡངས་སུ་མི་འགྲོ་བར་སོ་སོའི་ཁྱིམ་ནང་གཙང་སྦྲ་དུག་སེལ་བྱ་རྒྱུ་དང་མ་ཎི་རིལ་བུ་འཐུང་བ།གདུག་སྤོས་བདུག་རྒྱུ།གླ་རྩི་དང་མ་ཎི་རིལ་བུ་སོགས་ཆུའི་ནང་སྦང་ནས་དགོང་མོ་འཐུང་རྒྱུ་སོགས་གཟབ་གཟབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ༎