རྒྱ་ནག་གིས་ཨ་རིའི་རྩེད་འགྲན་པ་ཁག་ཅིག་ཉེན་ཁར་རྩིས་ཡོད་པ།
2008.11.01
༄༅༎རྒྱ་ནག་གཞུང་གིས་འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱལ་སྤྱིའི་རྩེད་འགྲན་པ་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲིད་པར་སེམས་འཚབ་ཧ་ཅང་ཆེན་པོ་བྱས་ཏེ་ཨ་མི་རི་ཀའི་རྩེད་འགྲན་དགུ་དང་རྩེད་མོའི་དགེ་རྒན་ལས་རོགས་གཅིག་བཅས་ཀྱི་མིང་ཐོ་ཟུར་འདོན་གྱིས་ཁོང་ཚོ་རྩེད་མོའི་སྐབས་ཉེན་ཁ་བཟོ་སྲིད་མཁན་གྱི་གྲས་སུ་ངོས་འཛིན་བྱས་ཡོད་པ་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ནང་ཁུལ་གློག་འཕྲིན་འབྲེལ་མཐུད་བྱས་པའི་ཡི་གེ་ཞིག་ཨ་མི་རི་ཀའི་ཡུ་ཨེསི་ཨེསི་ཀྲུ་ཌེ་ཞེས་པའི་གསར་ཤོག་ལ་ལག་ཐོབ་བྱུང་འདུག་པ་དེའི་ནང་འཁོད་ཡོད་འདུག
རྒྱ་ནག་གཞུང་གིས་ཟུར་བཏོན་བྱས་པའི་མིང་ཞུང་དེའི་ཁོངས་སུ་ཨ་མི་རི་ཀའི་བེུད་གོལ་ཕུ་རྩེད་འགྲན་པ་ཞིག་གི་མིང་ཡང་ཡོད་འདུག་ཅིང་གོལ་ཕུའི་རྩེད་མོ་དེ་ནི་ཨོ་ལིམ་པིག་གི་རྩེད་མོའི་རྣམ་གྲངས་ཤིག་ཀྱང་མིན་པ་རེད།
ཨ་རིའི་རྩེད་མོ་བའི་མིང་ཞུང་དེ་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་ཧུའུ་ཞའོས་ཨ་མི་རི་ཀའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་པར་ཕྱི་ཟླ་བདུན་པའི་ཚེས་བརྒྱད་ཉིན་གློག་འཕྲིན་བརྒྱུད་བཏང་ཡོད་འདུག་པ་དང་གློག་འཕྲིན་བརྒྱུད་འབྲེལ་ལམ་བྱས་པའི་ཡི་གེ་དེའི་ནང་ཧུའུ་ཞའོས་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་དོན་ལྟར་ན་ཨ་མི་རི་ཀའི་རྩེད་མོའི་རུ་ཁག་ནང་ཡོད་པའི་རྩེད་མོ་བ་ཁག་ཅིག་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་མཚོན་དོན་ཅ་གྱི་ལས་རྟགས་ལྡན་པའི་འཕྲེད་དར་འཕྱར་རྒྱུ་དང་ཡང་ན་ཆབ་སྲིད་ཀྱི་འབོད་ཚིག་ལྡནཔའི་ལས་རྟགས་ཅན་གྱི་གྱོན་ཆས་གྱོན་རྒྱུ་སོགས་ངོ་རྒོལ་གྱི་ལས་འགུལ་ཅི་རིགས་པ་ཞིག་སྤེལ་རྩིས་ཡོད་ལུགས་བྲིས་ཡོད་པར་མ་ཟད་ད་དུང་ཧུའུ་ཞའོས་རྩེད་མོ་བ་མང་པོ་ཞིག་དང་རྒྱལ་སྤྱིའི་ཌའར་ཕུར་གྱི་དཀའ་རྙོག་སེལ་ཐབས་བྱ་མཁན་གྱི་སྒྲིག་འཛུགས་ཁག་དང་ཐད་ཀར་འབྲེལ་བ་ཡང་ཡོད་ལུགས་ཀྱང་བརྗོད་ཡོད་འདུག
འོན་ཀྱང་ཨ་མི་རི་ཀའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་པ་ཌེ་རིལ་སི་སྦལ་གྱིས་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་ལ་ང་ཚོའི་རྩེད་འགྲན་པ་ཚོར་ཨོ་ལིམ་པིག་རྩེད་འགྲན་གྱི་སྒྲིག་གཞིའི་ནང་གསལ་བའི་སྨྲ་བརྗོད་དང་རྣམ་འགྱུར་གྱི་རང་དབང་ཐམས་ཅད་དང་ལྡན་ཡོད་པར་བརྟེན་གནས་སྟངས་ཇི་འདྲ་ཞིག་ཡིན་ཡང་ང་ཚོའི་ཁོང་ཚོའི་ཐོབ་ཐང་དེ་དག་ཉམས་ཉེས་རྩ་བ་ནས་གཏང་རྒྱུ་མིན་པའི་ལན་འདེབས་གསལ་བཤད་མཐར་ཕྱིན་པ་ཞིག་བྱས་ཡོད་ཅེས་གསུངས་འདུག