བོད་རིཊ་ན་གཞོན་རྩོམ་པ་པོ་ཞིག་ལ་ལོ་ལྔའི་བཙོན་འཇུག
2009.11.16
༄༅༎རྒྱ་ནག་གི་ཀན་སུ་ཞིང་ཆེན་ནང་དུ་ཡོད་པའི་ཀན་ལྷོ་བོད་རིགས་ས་ཁུལ་གྱི་གཙོས་གྲོང་ཁྱེར་གྱི་ཁྲིམས་ཁང་གིས་བོད་རིགས་ན་གཞོན་རྩོམ་པ་པོ་ཞིག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར།ཀན་ལྷོ་བོད་རིགས་ས་ཁུལ་གྱི་གཙོས་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ནས།བོད་རིགས་ན་གཞོན་རྩོམ་པ་པོ་མིང་ལ་གངས་ཉིའམ་ཀུན་དགའ་ཚང་དབྱངས་ཞུ་བ་ཞིག་ལ།རྩོམ་ཡིག་གི་ཐོག་ནས་མི་རིགས་ཁ་བྲལ་གཏང་ཐབས་བྱས་པ་དང༌།རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པ་དང་།དེ་བཞིན་ཕྱི་ལོག་གི་ཁ་བྲལ་གནད་ཡོད་མི་སྣར་འབྲེལ་བ་བྱས་པ་སོགས་བཅས་ནག་ཉེས་གསུམ་བཙུགས་ཏེ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱ་ནག་གི་ས་གནས་དཔོན་རིགས་ནས་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་རིགས་ན་གཞོན་གངས་ཉིའམ་ཀུན་དགའ་ཚང་དབྱངས་ལགས་ནི།མདོ་སྨད་མགོ་ལོག་ནང་འཚར་ལོངས་བྱུང་ཡོད་ཅིང་།ཁོང་ལུང་དཀར་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་།ཉེ་བའི་ལོ་འགའ་ཤས་ནས་བླ་བྲང་བཀྲིས་འཁྱིལ་ནང་སློབ་གཉེར་གནང་བཞིན་ཡིན་པ་རེད།
ཁོང་གིས་དེའི་སྔོན་རྒྱལ་ས་པེ་ཅིང་ནང་དུའང་སློབ་གཉེར་གནང་ཡོད་པ་དང་།ཁོང་གིས་བྲིས་པའི་རྩོམ་ཡིག་དང་སྒྱུ་རྩལ་གྱི་པར་རིས་ཁག་མདུན་བསྐྱོད་ཡིན་པར་ངོས་འཛིན་ཐོབ་ཡོད་པ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་འདུག།