རྒྱ་ནག་ནི་དངོས་ཟོག་འདྲ་བཤུས་བྱེད་མཁན་སྡུག་ཤོས།
2011.05.03
༄༅༎རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀས་གསུང་ན། ཨ་རིའི་མི་དམངས་ཀྱིས་རྣམ་དཔྱོད་དང་རྩལ་ལས་གྲུབ་པའི་སྒྱུ་རྩལ་གྱི་ཁོངས་ནས་ཁོང་ཚོ་མི་སྒེར་དང་ཚོང་ལས་ཁང་སུ་ཡིན་ཕྱིར་སོ་སོར་བདག་པའི་དངོས་པོ་དཔེར་ན། གཞས་གཏོང་ཆེད་དང་གློག་བརྙན་བལྟ་བྱེད་ཀྱི་CD དང་DVD སོགས་རྒྱ་ནག་ནང་ཁྲིམས་འགལ་གྱིས་འདྲ་བཤུས་དང་ཚོང་འགྲེམས་བྱེད་པའི་བྱ་སྤྱོད་འགོག་ཐབས་ཀྱི་ལས་དོན་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་གསུང་པ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་ལས་དོན་དེ་དུས་ཡུན་རིང་པོ་བར་ལག་བསྟར་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
འདི་ལོ་འཛམ་གླིང་གི་རྒྱལ་ཁབ་བཅུ་གཉིས་ཀྱིས་སྒེར་གྱི་བདག་དབང་གི་དངོས་པོ་སྲུང་སྐྱོབ་མི་བྱེད་མཁན་སྡུག་ཤོས་ཀྱི་ཐོ་གཞུང་འདོན་སྤེལ་བྱས་པའི་ནང་རྒྱ་ནག་ཀྱང་ཚུད་ཡོད་ཅིང༌། འོན་ཀྱང་ཨ་མི་རི་ཀའི་ཚོང་ལས་སྐུ་ཚབ་སྐུ་ཞབས་རོན་ཀཏ་ཡིས་དམིགས་བསལ་གྱི་སྙན་ཐོ་ཞིག་བཏོན་གནང་བའི་ནང། བཟོ་ཚོང་ཁང་དང་མི་སྒེར་གང་ཞིག་གི་བདག་དབང་གི་དངོས་པོ་སྲུང་སྐྱོབ་བྱེད་རྒྱུའི་ལས་འགུལ་ཞིག་ན་ནིང་ཕྱི་ཟླ་༡༠ པའི་ནང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡིས་ལག་བསྟར་བྱས་ཏེ། དམིགས་བསལ་གྱི་ལས་འགུལ་སྤེལ་འགོ་ཚུཌ་པ་དེ་ཡིས་བདག་དབང་སྲུང་སྐྱོབ་ཀྱི་ལས་དོན་ཡར་རྒྱས་ཀྱི་སྒོ་མོ་ཕྱེས་ཡོད་པར་ངོས་འཛིན་གནང་ཡོད་པ་རེད། འོན་ཀྱང་དམིགས་བསལ་གྱི་ལས་དོན་དེ་ནི་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་མཇུག་སྒྲིལ་ཟིན་པ་ཡིན་རུང། ད་དུང་ཟླ་གསུམ་དུས་ཚོད་རིང་དུ་བཏང་ཡོད་ཅིང༌། ལས་དོན་དེའི་དམིགས་ཡུལ་འཛིན་ས་ནི། དངོས་ཟོག་བདག་དབང་གི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་སྟེ། དངོས་ཟོག་གི་བདག་དབང་ཡོད་པའི་ཨ་རིའི་བཟོ་ཚོང་ལས་ཁང་གིས་འདོན་སྤེལ་བྱས་པའི་CD དང་DVD དེ་བཞིན་ཀམ་པིའུ་ཊར་ཡི་དངོས་པོ། ལག་འཁྱེར་ཁ་པར། མོ་ཊའི་མ་ལག སྨན་སོགས་གང་བྱུང་དུ་འདྲ་བཤུས་དང་ཚོང་འགྲེམས་བྱེད་པའི་བྱ་སྤྱོད་རྒྱ་ཁྱབ་ཆེན་པོ་གྱུར་ཡོད་པ་དེ་འགོག་ཐབས་ཀྱི་བྱ་ཐབས་ཤིག་ཡིན་པ་རེད། གང་ལྟར་ཡང་རྒྱ་ནག་དང་ཚོང་འབྲེལ་ཡོད་པའི་ཨ་མི་རི་ཀའི་ཚོང་ལས་ཁང་ཉི་ཤུ་རྩ་བདུན་གྱིས་འདི་ལོའི་སྒེར་གྱི་དངོས་ཟོག་བདག་དབང་ཐོབ་ཐང་གི་སྙན་ཐོར་ཞིབ་འཇུག་གནང་བའི་ནང་ནས་རྒྱལ་ཁབ་༤༢ ནི་སོ་སོའི་གཞུང་ཕྱོགས་ནས་སྒེར་གྱི་བདག་དབང་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་གྱི་ཡོད་མེད་ཐོག་རྟོག་ཞིབ་བྱ་རྒྱུའི་ཐོ་གཞུང་ནང་ཚོུད་ཡོད་པ་དང༌། དེའི་ནང་ནས་རྒྱ་ནག་དང༌། ར་ཤི་ཡ། ཨེལ་ཇེ་རི་ཡ། ཁེ་ན་ཊ། ཆི་ལེ། རྒྱ་གར། ཨིན་ཌོ་ནེ་ཤི་ཡ། ཨི་སི་རེལ། པ་ཀིསི་ཏན། ཐའེ་ལེནདྲ། ལྦེ་ནེ་ཛུའེ་ལ་བཅས་རྒྱལ་ཁབ་༡༢ ནི་རྟོག་ཞིབ་ནན་པོ་བྱ་ཡུལ་གྱི་ཐོ་གཞུང་ནང་ཚུད་ཡོད་པ་རེད།