བོད་ནང་ཞིང་བྲན་བཅིངས་བཀྲོལ་བཏང་བ་ཟེར་བའི་དུས་དྲན།
2009.03.28
༄༅༎ད་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་བཀྲོལ་བཏང་བ་ཟེར་བའི་དུས་དྲན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམག་དཔུང་གི་དམ་བསྒྲགས་ཆེན་པོའི་འོག་སྤེལ་ཡོད་པ་རེད།
དུས་དྲན་གྱི་མཛད་སྒོ་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་སྤེལ་ཡོད་པ་དང་བོད་ཀྱི་ལས་ཁུང་ཁག་དང་ས་གནས་ཁག་ནས་མི་གྲངས་ཁྲི་ལྷག་འདུ་བསྐོངས་བྱས་ནས་མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་བོད་ནང་གི་ཞིང་བྲན་ཚོར་ཡར་ལངས་བཅིངས་བཀྲོལ་ཐོབ་པའི་དགའ་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཅུག་སྟེ་དེ་དག་ཡོངས་རྫོགས་བརྙན་འཕྲིན་ཐོག་ནས་རྒྱ་ནག་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱས་ནས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་ནས་བོད་མི་མང་ཚོ་དགའ་བདེའི་དཔལ་ལ་རོལ་བཞིན་པའི་དྲིལ་བསྒྲགས་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེད། བོད་ནང་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་བཀྲོལ་བཏང་བ་ཟེར་བའི་དུས་དྲན་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་ཚོགས་གཙོ་ཀྲང་ཆིའི་རླིས་ཀྱིས་གཏམ་བཤད་སྤེལ་བའི་སྐབས་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་དང་ཆོས་ལུགས།འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རྩོད་གླེང་མིན་པར་ང་ཚོའི་དབར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གཅིག་འགྱུར་གྱི་འཐབ་རྩོད་ཡིན་པས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཐ་དག་ལ་ང་ཚོས་རྡུང་རྡེག་ཚ་ནན་གཏང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད༎