རྒྱ་གཞུང་གིས་ལས་མེད་ཀྱི་བདེ་སྡུག་ལ་དགོངས་བཞེད་གནང་རྒྱུ།
2009.04.04
༄༅༎རྒྱ་ནག་གི་རྒྱལ་ས་ནས་མེ་ལེ་དགུ་བཅུའི་སར་ཆགས་པའི་ཧོ་བེ་ཞིང་ཆེན་ནང་གི་གྲོང་ཁྱེར་བའོ་ཏིང་ནང་གི་རས་ཆའི་བཟོ་གྲྭ་ཞིག་སྒོ་རྒྱབ་པའི་ཉེར་ལེན་ལ་བརྟེན་ལས་མེད་དུ་ལས་མི་ཆིག་སྟོང་ལྷག་ཆགས་པ་དེ་དག་གིས་རྒྱ་ནག་དབུས་གཞུང་ལ་བདེ་སྡུག་སྙན་ཞུ་འབུལ་རྒྱུའི་དོན་དུ་འགའ་ཤས་ཀྱིས་རྐང་ཐང་དང་འགའ་ཤས་ཀྱིས་རྐང་འཁོར་བཞོན་ཏེ་པེ་ཅིང་ཕྱོགས་སུ་བསྐྱོད་ཐབས་བྱས་ཀྱང་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་ཁོང་ཚོའི་བདེ་སྡུག་སྙན་ཞུར་གཞུང་གིས་དགོངས་བཞེད་གནང་གི་རེད་ཅེས་ཁས་ལེན་བྱས་ཐོག་ཁོང་ཚོ་སྤྱི་དཔྱོད་སྣུམ་འཁོར་ནང་བླུགས་ཏེ་རང་གནས་སོ་སོར་ཕྱིར་སློག་བཏང་ཡོད་པ་རེད། ཧོ་བེ་ཞིང་ཆེན་ནང་གི་གྲོང་ཁྱེར་པའོ་ཏིང་ནང་གི་རས་ཆའི་བཟོ་གྲྭ་དེའི་ནང་ལས་མི་བཞི་སྟོང་ཙམ་ཡོད་པ་དང་བཟོ་གྲྭའི་བདག་པོ་ནི་ཧོང་ཀོང་ནང་གི་རྒྱ་མི་ཞིག་ཡིན་པ་རེད། ཁོ་པའི་བསམ་སྦྱོར་ངན་པའི་བྱ་སྤྱོད་ཐད་ལ་རྒྱ་ནག་གི་དཔོན་རིགས་ཚོས་ཞིབ་འཇུག་བྱེད་ཡག་འགོ་བཙུགས་པ་དང་ཁེ་ས་གཟའ་སྤེན་པའི་ཉིན་བཟོ་གྲྭ་དེའི་འགན་འཛིན་གཙོ་བོ་བུད་མེད་དེའི་ལས་འགན་ཡང་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་པ་རེད། འཛམ་གླིང་སྤྱི་ལྟར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་ཆགས་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་བཟོ་གྲྭ་བརྒྱ་ཕྲག་ཁ་ཤས་སྒོ་རྒྱབ་དགོས་ཆགས་ཏེ་རྒྱ་མི་གྲངས་ལས་འདས་པ་ལས་མེད་ཆགས་ཡོད་པ་རེད། རྒྱ་ནག་ནང་དེང་སྐབས་མི་མང་ཁྲི་ཁྲག་མང་པོ་ལས་མེད་ཆགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་ལ་བློ་འཚབས་སྐྱེ་བའི་གནད་དོན་དང་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིངས་ལ་གནོད་གཞི་ཞིག་ཀྱང་ཆགས་ཡོད་པ་རེད༎