ལིའུ་ཤའོ་ཕུའུ་དང་ནང་མི་ཐུག་འཕྲད་བྱེད་འཇུག་རྒྱུ་མིན་པ།
2011.02.01
༄༅༎རྒྱ་ནག་གཞུང་གིས་༢༠༡༠ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ལིའུ་ཤའོ་ཕུའུ་ཡི་ནང་མི་རྣམས་འཆར་ལ་ཉེ་བའི་རྒྱ་མིའི་དཔྱིད་གསར་དུས་ཆེན་སྐབས་བཙོན་ཁང་དུ་ཁོང་ཐུག་འཕྲད་བྱེད་པ་གཏོང་གི་མེད་པའི་སྐོར་ལ་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གསུང་ཡོད་པ་རེད།
དེ་ཡང་ལིའུ་ཤའོ་ཕུའུ་བཙོན་འཇུག་བྱེད་ཡུལ་རྒྱ་ནག་གི་བྱང་ཤར་ལའོ་ནིང་ཞིང་ཆེན་གྱི་དཔོན་རིགས་ནས། ལིའུ་ཤའོ་ཕུའུ་ཡི་བུ་སྤུན་རྒན་པ་ལིའུ་ཤའོ་ཀུའང་ལ་དཔྱིད་གསར་དུས་ཆེན་རིང་ལ་བཙོན་དུ་ལིའུ་ཤའོ་ཕུའུ་ཐུག་འཕྲད་བྱེད་ཆོག་གི་མ་རེད་བཤད་ཡོད་པའི་སྐོར་ཧོང་ཀོང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལུང་འདྲེན་བྱས་ཡོད་པ་མ་ཟད། ད་དུང་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ ཞི་བདེའི་བྱ་དགའ་ཐོབ་པའི་གསལ་བསྒྲགས་བྱས་པ་མ་ཐག་རྒྱ་ནག་གཞུང་གིས་ཁོང་གི་བཟའ་ཟླ་ལིའུ་ཤའ་བཙོན་ཁང་དུ་ཛ་དྲག་གིས་ཐུག་འཕྲད་བྱེད་པར་ཁྲིད་པ་དེ་ལས་དུས་དེ་ནས་བཟུང་སྟེ་ཁོང་གི་ནང་མི་གཞན་ཚོ་རྩ་བ་ནས་ཐུག་འཕྲད་བྱེད་དུ་བཅུག་མེད་པའི་སྐོར་ནང་མི་ཚོས་གསུང་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།
ད་དུང་བཟའ་ཟླ་ལིའུ་ཤའ་ཡང་པེ་ཅིང་གི་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མེད་པར་དོ་དམ་འོག་གནས་མུས་ཡིན་པ་མ་ཟད། ༢༠༡༠ ལོའི་ཕྱི་ཟླ་༡༠པའི་ནང་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་གསལ་བསྒྲགས་བྱས་པ་ནས་བཟུང་ལིའུ་ཤའ་སྤྱི་ཚོགས་ཐོག་མཐོང་རྒྱུ་མེད་པར་གྱུར་ཡོད་ཅིང༌། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་བྱས་ན། བཙོན་པ་ཞིག་ཡིན་ན་གལ་ཆེའི་དུས་ཆེན་དེའི་རིང་ལ་ནང་མི་དང་མཉམ་འཛོམས་བྱེད་ཆོག་པ་ཡིན་གཤིས། འདི་ལོའི་རྒྱ་མིའི་དཔྱིད་གསར་དུས་ཆེན་ནི། རེས་གཟའ་ཕུར་བུ་ནས་འགོ་ཚུགས་ཀྱི་ཡོད་པར་བརྟེན་ནས། གྲོང་གསེབ་སོགས་ས་ཐག་རིང་པོ་ནས་གྲོང་ཁྱེར་ནང་དུ་འཕྲལ་སེལ་འཚོ་ཐབས་བྱེད་དུ་ཡོང་བའི་མི་རྣམས་དུས་ཆེན་དེའི་རིང་ལ་ནང་མི་མཉམ་འཛོམས་ཀྱིས་དུས་ཆེན་གཏོང་བར་རང་རང་སོ་སོའི་ཁྱིམ་ཚང་དུ་ལོག་འགྲོ་གི་ཡོད་པ་རེད།