རྒྱ་ནག་གཞུང་གིས་སྔོ་སྨན་བཟོ་གྲྭ་ཞིག་སྒོ་རྒྱབ་ཡོད་འདུག
2009.02.15
༄༅༎རྒྱ་ནག་ནང་སྔོ་སྨན་ལས་བཟོ་སྐྲུན་བྱས་པའི་སྨན་ཁབ་ཅིག་གིས་ནད་པ་རྐྱེན་ལམ་དུ་ཕྱིན་པའི་རྗེས་རྒྱ་ནག་གཞུང་གིས་སྔོ་སྨན་བཟོ་གྲྭ་དེ་སྒོ་རྒྱབ་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད།
རྒྱ་ནག་གི་བྱང་ཤར་ཧེ་ལུང་ཅང་ཞིང་ཆེན་ནང་དུ་ཡོད་པའི་ལྦུའུ་སུའུ་ལི་སྨན་གྱི་བཟོ་གྲྭ་ནས་བཟོ་སྐྲུན་བྱས་པའི་ཧྲོང་ཧོང་ལེན་ཞེས་པའི་སྔོ་སྨན་གྱི་བཟོས་པའི་སྨན་ཁབ་དེ་ཡིས་དུས་རྒྱུན་ནད་པ་གང་ཞིག་ལ་ཚ་བ་འཕར་བ་དང་གློ་རྒྱབ་པར་སྨན་བཅོས་བྱེད་ཀྱི་ཡོད་ཅིང་ཡིན་ནའང་ཧྲོང་ཧོང་ལེན་ཞེས་པའི་སྨན་ཁབ་དེ་རྒྱབ་པའི་རྗེས་ནད་པ་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་ནད་པ་གཉིས་ནད་མནར་དུ་གྱུར་བའི་གནས་ཚུལ་ཐོན་པའི་རྗེས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་བཟོ་གྲྭ་དེ་སྒོ་རྒྱབ་ཡོད་པ་རེད། བཟོ་གྲྭ་དེའི་ནང་བཟོ་པ་ཉིས་རྒྱ་བཞི་ཅུ་ལྷག་ཡོད་པ་དང་ཡིན་ནའང་ད་རེས་སྨན་ཁབ་ཀྱི་རྙོག་དྲ་ཐོན་པའི་རྗེས་བཟོ་གྲྭ་སྒོ་རྒྱབ་པར་བརྟེན་ནས་བཟོ་པ་དེ་དག་ལས་མེད་དུ་གྱུར་ཏེ་རྒྱ་ནག་ནང་ལས་མེད་གྲངས་འབོར་ཉིན་རེ་བཞིན་འཕར་སྨོན་འགྲོ་བཞིན་ཡོད་པ་རེད། རྩ་བའི་རྒྱ་ནག་རྒྱལ་ཡོངས་སུ་སྨན་གྱི་ཚོང་སལ་ཁག་གི་སྒྲིག་སྲོལ་ཚུལ་མཐུན་མེད་པའི་ཁར་འབྲེལ་ཡོད་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱེད་པའི་དཀའ་ངལ་དེ་དག་གིས་ཁྲོམ་རའི་ཐོག་སྨན་ཚོང་འགྲེམས་བཀག་འགོག་དང་སྨན་གྱི་ནོར་འཁྲུལ་ཐོན་ཏེ་ཕྱིར་བསྡུ་བྱེད་པའི་གནས་ཚུལ་དེ་ནི་རྒྱ་ནག་ནང་ཐོན་པའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཞིང་ཕྱི་ལོ་ཉིས་སྟོང་བདུན་ལོར་རྒྱ་ནག་གཞུང་གི་ཟ་བཅའ་དང་སྨན་རྫས་དོ་དམ་ལས་ཁང་གི་འགོ་ཁྲིད་ཀྲེང་ཞའོ་ཡུས་ཡིས་གང་བྱུང་དུ་སྨན་རྫས་ཐོན་སྐྱེས་འགལ་ལེན་ཡོད་པའི་ལག་འཁྱེར་མཁོ་སྤྲོད་བྱས་པའི་རིན་བབ་ལ་དཔལ་འབྱོར་གྱི་ལྐོག་ངན་ལེན་པའི་ནག་ཉེས་འོག་སྲོག་བཏང་བ་མ་ཟད་ཉེ་བའི་དུས་ཚོད་ནང་བྱུང་བའི་དོན་རྐྱེན་ཞིག་ནི་རྒྱ་ནག་ནང་བཟོ་སྐྲུན་བྱས་པའི་སྔོ་སྨན་ཞིག་གིས་ན་ནིང་ཕྱི་ཟླ་བཅུ་པའི་ནང་ནད་པ་བཞི་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད༎