བོད་ནང་ཆུ་མཛོད་མང་པོ་རྒྱབ་འཆར་དེར་ཁོར་ཡུག་ལ་གནོད་འཚེ།
2008.10.14
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སའི་ནང་རྒྱུགས་བཞིན་པའི་གཙང་པོ་དང་རྒྱུགས་ཆུ་དེ་བཞིན་མཚོ་ཆུང་མང་དག་ཅིག་གི་ཐོག་ཆུ་མཛོད་རྒྱག་རྒྱུའི་འཆར་གཞི་ཡོད་འདུག་པ་དང་བོད་ཀྱི་ས་མཐོའི་སྟེང་ནས་རྒྱུགས་བཞིན་པའི་ཆུ་དེ་དག་གི་ཐོག་ཆུ་མཛོད་རྒྱག་རྒྱུ་དེས་བོད་དང་དེ་བཞིན་ཉེ་འཁོར་ཡུལ་གྲུ་ཁག་གི་རང་འབྱུང་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད་
དབྱིན་ཇིའི་ཉིན་རེའི་གསར་ཤོག་ཊེ་ལི་ག་རཕ་གྱི་གསར་འགོད་པ་མེལ་ཁོམ་མུ་འོར་གྱིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་གིས་བོད་ནང་ཆུ་ཤུགས་གློག་འདོན་ཁང་གྲངས་བདུན་བརྒྱ་ལྔ་བཅུ་ཙམ་གསར་རྒྱག་བྱེད་རྒྱུ་ཡིན་འདུག
བོད་ནི་ལྷོ་ཤར་ཨེ་ཤེ་ཡའི་ནང་གི་གཙང་པོ་ཆེ་ཁག་རྟ་མཆོག་ཁ་བབས་སྟེ་ཡར་ལུང་གཙང་པོ་དང་སེང་གེ་ཁ་བབས་སོགས་གི་འབྱུང་ཁུངས་དེ་ཡིན་པར་མ་ཟད་འཛམ་གླིང་ནང་གི་མི་འབོར་ཕྱེད་ཀ་ལྷག་ཙམ་བོད་ནས་རྒྱུགས་བཞིན་པའི་གཙང་པོ་དེ་དག་གི་ཉེ་འགྲམ་དུ་གནས་བཞིན་ཡོད་པ་རེད་ རྒྱ་ནག་གཞུང་གིས་འདས་པའི་ལོ་བརྒྱད་ཀྱི་ནང་བོད་ཀྱི་ས་ཁུལ་གང་སའི་ནང་ཆུ་ཤུགས་གློག་འདོན་ཁང་རྒྱག་རྒྱུར་རྒྱ་མིའི་སྒོར་མོ་མི་མང་ཤོག་ལོར་ཐེར་འབུམ་གསུམ་མ་ཟིིན་ཙམ་འགྲོ་གྲོན་བཏང་ཡོད་པ་དང་ད་ཆ་ལས་དོན་དེ་དག་མགྱོགས་སུ་གཏོང་འཆར་ཡོད་པ་དབྱིན་ཇིའི་གསར་ཤོག་དེའི་ནང་གནས་ཚུལ་སྤེལ་འདུག
བོད་མི་ཚོས་རྒྱ་ནག་གཞུང་གིས་འཆར་གཞི་དེ་དག་ལ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་དཔེར་ན་དེ་སྔོན་རྒྱ་ནག་གཞུང་གིས་བོད་མི་ཚོས་རྩ་ཆེར་ངོས་འཛིན་བྱེད་བཞིན་པའི་ཡར་འབྲོག་གཡུ་མཚོར་ཆུ་རག་རྒྱག་རྒྱུའི་འཆར་གཞིར་འཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་ཅིང་འོན་ཀྱང་དེང་སྐབས་ཡར་འབྲོག་གཡུ་མཚོའི་ཉེ་འཁོར་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མི་ཆིག་སྟོག་ལྔ་བརྒྱ་སྐོར་གྱི་ལྟ་སྲུང་བྱེད་བཞིན་པའི་ཐོག་མི་སུ་ཞིག་ཀྱང་དེ་ཕྱོགས་སུ་འགྲོ་ཆོག་གི་མེད་པ་རེད་
རྒྱ་ནག་གཞུང་གིས་བོད་ནང་ཆུ་ཤུགས་གློག་འདོན་ཁང་རྒྱག་རྒྱུ་དེས་ཁོར་ཡུག་ཐོག་གནོད་ཚབས་དེ་ཙམ་བཟོ་རྒྱུ་མིན་ལུགས་དང་བོད་ནང་ཆུ་ཤུགས་གློག་འདོན་ཁང་བརྒྱབ་པ་དེས་འདས་པའི་ལོ་བཅུའི་སྔོན་གྱི་གནས་སྟངས་དང་བསྡུར་ན་བོད་ནང་གི་གློག་ཤུགས་བརྒྱ་ཆ་བཞི་བརྒྱ་ཙམ་གྱི་མང་དུ་ཕྱིན་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད་
ལོ་འདི་མཇགུ་མ་བསྒྲིལ་གོང་རྒྱ་ནག་གཞུང་གིས་མ་གནས་ཨ་རིའི་ཌོ་ལར་ཐེར་འབུམ་ལྔ་མ་ཟིན་ཙམ་གྱི་འགྲོ་གྲོན་གནས་པའི་ལུང་ཏན་ཞེས་པའི་ཆུ་ཤུགས་གློག་འདོན་ཁང་དེ་རྒྱབ་ཟིན་པ་བྱེད་རྒྱུ་ཡིན་འདུག་ཅིང་འདི་ནི་འབྲི་ཆུ་སྒག་གསུམ་དང་ད་ལྟ་ཡོངས་སུ་རྒྱབ་མ་ཟིན་པ་ཤི་ལུ་ཏོ་ཆུ་མཛོད་དེ་གཉིས་ལས་ཆུང་ཙམ་ཡིན་འདུག་ཅིང་ལུང་ཏན་གྱི་ཆུ་མཛོད་དེ་རྒྱག་ཆེད་ས་ཁུལ་དེ་དག་གི་ཉེ་འགྲམ་དུ་གནས་པའི་བོད་མི་ཁྲི་བརྒྱད་ཙམ་གནས་སྤོ་བྱེད་དགོས་བྱུང་ཡོད་འདུག་ལ་ཡང་དེ་བཞིན་གཟའ་འཁོར་གཉིས་ཙམ་སྔོན་ཀོང་པོ་རྒྱ་མདའི་ཁུལ་དུ་མེ་ཀ་ལྦཏ་བཞི་བརྒྱ་ཙམ་འདོན་ཐུབ་པའི་ཆུ་ཤུགས་གློག་འདོན་ཞིག་གསར་རྒྱག་ཟིན་པའི་གནས་ཚུལ་ཐོན་འདུག