རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་ཁུལ་དུ་གཙང་མ་བཟོ་འཆར།
2008.06.22
༄༅༎རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཕྱི་ལོ་༢༠༠༩ ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་ཟླ་བ་དྲུག་རིང་ལ་ཇོ་མོ་གླང་མའི་ཁུལ་དུ་གད་སྙིགས་སོགས་གཙང་མ་བཟོ་རྒྱུའི་འཆར་གཞི་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་འགན་འཛིན་ ཀྲང་དབྱང་ཀྲི་ ལ་ཤིང་ཧྭ་གསར་ཤོག་ལས་ཁང་གིས་བཅར་འདྲི་བྱེད་སྐབས་བཤད་དོན། འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་རི་བརྒྱུད་དུ་ཡུལ་སྐོར་སྤྲོ་འཆམ་པ་དང་རི་འཛེགས་པས་དབྱུགས་པའི་གད་སྙིགས་རྣམས་གཙང་མ་བཟོ་རྒྱུ་ཡིན་པ་དང་རི་འཛེགས་མཁན་གང་ཞིག་གིས་ཇོ་མོ་གླང་མའི་བརྒྱུད་དུ་ཁོར་ཡུག་སྲུང་སྐྱོབ་ལ་གནོད་འཚེ་བཟོ་མཁན་སོགས་མ་འོངས་པར་རི་འཛེགས་མཁན་གྱི་གྲངས་ཀའི་ཐོག་ཚོད་འཛིན་བྱ་དགོས་པའི་སྐོར་དང་ད་དུང་ཇོ་མོ་གླང་མའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ནང་ཚོང་ལས་འཛིན་སྐྱོང་གི་བྱེད་སྒོ་ཁག་གི་ནུས་སྟོབས་ཆེ་རུ་གཏོང་དགོས་གལ་ཆེ་བ་བཤད་དེ་གང་ལྟར་ཇོ་མོ་གླང་མ་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་མ་འོངས་པར་རི་འཛེགས་མཁན་དང་ཡུལ་སྐོར་སྤྲོ་འཆམ་པ་གངས་རི་འཛེགས་མཁན་ཐོག་ཚད་གཞི་བཟོས་ཏེ་དམ་བསྒྲགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ད་དུང་ཀྲང་གིས་མུ་མཐུད་བཤད་པའི་ནང་། འཛམ་གླིང་སྤྱིའི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་བོད་ཀྱི་གནམ་གཤིས་ཚ་ཚད་མཐོ་རུ་ཕྱིན་ཏེ་འཁྱགས་རོམ་མྱུར་ཚད་མགྱོགས་པོས་ཞུ་འགྲོ་བའི་རྒྱུ་རྐྱེན་འགྲེལ་བརྗོད་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གིས་ཇོ་མོ་གླང་མའི་རི་རྒྱུད་ཀྱི་གད་སྙིགས་གཙང་མ་བཟོ་རྒྱུ་དང་ད་དུང་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཇོ་མོ་གླང་མའི་རི་རྩེ་བར་གཙང་མ་བཟོ་རྒྱུ་ཡིན་པ་བཤད་ཡོད་པ་རེད།