རྒྱ་ནག་གཞུང་གིས་དྲ་རྒྱར་དམ་བསྒྲགས།

རྒྱ་གཞུང་གིས་གནས་ཚུལ་བཀོད་སྤེལ་བྱེད་ཡུལ་དྲ་རྒྱ་སོགས་ལ་དམ་བསྒྲཌ་ཆེན་པོ་བྱས་ཏེ་དྲ་རྒྱའི་ཐོག་གནས་ཚུལ་ལྟ་ཀློག་མ་ཐུབ་པ་བཟོས་པ།

2011.03.22

༄༅༎རྒྱ་ནག་གཞུང་གིས་གནས་ཚུལ་བཀོད་སྤེལ་བྱེད་ཡུལ་དྲ་རྒྱ་སོགས་ལ་དམ་བསྒྲགས་ཆེན་པོ་བྱས་ཏེ། རྒྱ་ནག་མི་དམངས་ལ་དྲ་རྒྱའི་ཐོག་གནས་ཚུལ་ལྟ་ཀློག་མ་ཐུབ་པ་བཟོས་པ་དེ་ཡིས། ཚོང་གི་ལས་དོན་གཉེར་མཁན་དང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་དཀའ་ངལ་བཟོས་ཡོད་པའི་སྐོར་ཕྱི་རྒྱལ་གྱི་དྲ་རྒྱའི་ལས་ཁང་དང་གནས་ཚུལ་དབྱེ་ཞིབ་པས་གསུང་གི་ཡོད་པ་རེད།

རྒྱ་ནག་ནང་གུའུ་གལ་དྲ་རྒྱའི་ཐོག་ནས་ཇི་མེལ་ཡི་འཕྲིན་གཏོང་དྲ་རྒྱ་ལྟ་ཀློག་མ་ཐུབ་པ་བཟོས་ཏེ་དཀའ་ངལ་ཆེན་པོར་གྱུར་ཡོད་པ་མ་ཟད། ད་དུང་རྒྱ་ནག་ནང་དར་གསོ་ཆེ་བའི་དྲ་རྒྱ་འགའ་ཤས་ཤིག་ཀྱང་བེད་སྤྱོད་གཏོང་རྒྱུ་མེད་པ་བཟོས་ཡོད་ཅིང༌།གནས་ཚུལ་དབྱེ་ཞིབ་པས། རྒྱ་ནག་གཞུང་གིས་དེ་ལྟར་བྱེད་དགོས་དོན་ནི། ཉེ་ཆར་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཕེ་རི་ཀའི་ནང་གི་མི་དམངས་ཚོས་མི་ལོ་བཅུ་ཕྲག་མང་པོའི་རིང་དབང་བསྒྱུར་བྱེད་མཁན་ཚོར་དབང་ཆ་མི་དམངས་ལ་རྩིས་སྤྲོད་བྱ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་དྲ་རྒྱའི་ཐོག་རྒྱ་ནག་མི་དམངས་ཚོས་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཕེ་རི་ཀའི་མི་དམངས་ཀྱི་ལས་འགུལ་ལ་དཔེ་བླངས་ཏེ། རྒྱ་ནག་ནང་དུ་གཟའ་འཁོར་ལྟག་འཆར་མི་དམངས་ཀྱིས་ལས་འགུལ་སྤེལ་དགོས་པའི་བརྒྱུད་སྐུལ་གྱི་གནས་ཚུལ་རིམ་པ་ཐོན་པའི་རྗེས། དྲ་རྒྱའི་ཐོག་དམ་བསྒྲགས་ཆེ་རུ་བཏང་བ་དང༌། གནད་དོན་དེ་ཡིས། རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་ཅན་གྱི་མི་དམངས་ཚོར་རྡུང་རྡེག་གི་བྱ་སྤྱོད་ཅིག་ལག་བསྟར་བྱས་པར་ངོས་འཛིན་གནང་གི་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་མི་དམངས་ཚོར་དྲ་རྒྱ་བེད་སྤྱོད་དང་ལྟ་ཀློག་བྱེད་མ་ཐུབ་པའི་དམ་བསྒྲགས་ཆེན་པོ་བྱས་པ་དེ་ཡིས། རྒྱ་ནག་གཞུང་ལ་ཉེན་ཁ་བཟོ་བའི་གནས་ཚུལ་རྣམས་བཀོད་སྤེལ་དང་བསམ་ཚུལ་སྤེལ་ཡུལ་གྱི་གླེང་སྟེགས་ཤིག་བཀག་འགོག་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་ཀྱང༌། དེ་ནི་རྒྱ་ནག་རང་གིས་རང་ལ་གནོད་འཚེ་བཟོ་བ་ཡིན། དཔེར་ན། དུས་རྒྱུན་གུའུ་གལ་དྲ་རྒྱ་བརྒྱུད་ནས་ཇི་མེལ་ཟེར་བའི་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས། འདས་པའི་གཟའ་འཁོར་འགའ་ཤས་ནས་བེད་སྤྱོད་གཏོང་མི་ཐུབ་པའི་གནས་ཚུལ་བྱུང་བར་བརྟེན་ནས། མང་པོ་ཞིག་གིས་ཧོཏ་མེ་དང་ཡ་ཧུའུ་སོགས་དྲ་རྒྱ་གཞན་དག་བེད་སྤྱོད་གཏོང་རྒྱུའི་འདེམས་ཀ་བྱས་པ་དེ་ཡིས། གུའུ་གལ་ཚོང་ལས་ལ་གནོད་སྐྱོན་འགྲོ་བར་བརྟེན། གུའུ་གལ་དྲ་རྒྱའི་ཚོང་ལས་ཁང་གིས། ཇི་མེལ་བེད་སྤྱོད་གཏོང་མི་ཐུབ་པ་དེ་ནི། ཁོང་ཚོའི་དྲ་རྒྱའི་ཚོང་ལས་ཁང་གི་འཕྲུལ་རིག་གི་དཀའ་ངལ་གང་ཡང་མིན་པ་འགྲེལ་བརྗོད་བྱས་ཏེ་ཤུགས་སུ་རྒྱ་ནག་གཞུང་གིས་བྱ་སྤྱོད་ཡིན་པ་ཐེར་བཏོན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎