རྒྱ་གཞུང་གིས་ཨཕ་རི་ཀའི་ཡུལ་གྲུར་ཆབ་སྲིད་དྲིལ་བསྒྲཌ་སྤེལ་བ།
2009.04.08
༄༅༎རྒྱ་ནག་གཞུང་གིས་ཨཕ་རི་ཀའི་གླིང་ཕྲན་ཡུལ་གྲུ་ཆུང་ངུ་ཁག་གི་ནང་དུའང་བོད་ནང་དམངས་གཙོའི་བཅོས་བསྒྱུར་གྱིས་འཛུགས་བསྐྲུན་ཡར་རྒྱས་ཤུགས་ཆེ་བཏང་ཡོད་པའི་སྐོར་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་གནད་དོན་ཉམས་ཞིབ་པ་ཚོས་ངོ་སྤྲོད་གནང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ཅེས་པའི་དུས་དེབ་ཀྱི་དྲ་རྒྱས་རྒྱ་ནག་གཞུང་གིས་མཱ་ལ་ལྦི་ནང་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་བཞིན་པ་ཞེས་འགོ་བརྗོད་འཁོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་མཱ་ལ་ལྦི་ནང་གཏན་སྡོད་ཨ་རི་བ་སྐུ་ཞབས་ཇཱོན་ཌ་ཕེལ་ཞུ་བ་ཞིག་གིས་མཱ་ལ་ལྦི་ཡུལ་གྱི་ཌེ་ལི་ཀྲའེམ་སེ་ཞེས་པའི་ཉིན་རེའི་གསར་ཤོག་གི་རྩོམ་བྲིས་པ་གླེང་བརྗོད་ཀྱི་འདོན་སྤེལ་བྱ་སའི་དཔར་ངོས་ཀྱི་ནང་གསལ་དུ་རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཤུགས་ཆེ་བཏང་ཡོད་པ་སོགས་ཀྱི་སྐོར་ཤོག་གྲངས་བཅུ་གཉིས་ཅན་གྱི་ཆབ་སྲིད་དྲིལ་བསྒྲགས་རིང་པོ་ཞིག་དཔར་འགྲེམས་བྱས་ཡོད་པ་དང་ཆབ་སྲིད་དྲིལ་བསྒྲགས་དེ་ཉིད་ཀྱང་གསར་ཤོག་ཀློག་པ་པོ་ཚོར་རྒྱ་ནག་གཞུང་གིས་གླ་རིན་སྤྲས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་མིན་པར་གསར་ཤོག་འདི་ཉིད་ཀྱི་རྩོམ་བྲིས་པའི་གླེང་བརྗོད་ཡིན་པའི་རྣམ་པ་མངོན་པར་བྱས་ཡོད་སྐོར་བཀོད་ཡོད་པ་རེད། དེ་ཡང་གོང་ཞུས་ཨ་རི་བ་སྐུ་ཞབས་ཇཱོན་ཌ་ཕེལ་ཡིས་ཁོང་ནས་སྔ་དྲོ་གསར་ཤོག་ལྟ་ཀློག་གི་སྐབས་སུ་བོད་ཐོག་དེ་ལྟ་བུའི་གནས་ཚུལ་རྒྱ་ཆེན་པོ་ཞིག་བཀོད་ཡོད་པར་ཡ་མཚན་སྐྱེ་གཞི་ཞིག་བྱུང་བ་དང་གནས་ཚུལ་ཆ་ཚང་ཀློག་པའི་རྗེས་སུ་གཞི་ནས་གནས་ཚུལ་འདི་རྒྱ་ནག་གཞུང་ཚབ་ལས་ཁང་གིས་གླ་རིན་སྤྲས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་ཡིན་པ་ཤེས་རྟོགས་ཐུབ་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། དེ་ཡང་ཨ་རིའི་ཕྱི་སྲིད་ཅེས་པའི་དུས་དེབ་ཀྱི་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་མཱ་ལ་ལྦི་ནང་བོད་ཐད་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་བའི་དཔར་ངོས་ཀྱི་ངོ་བཤུས་ཤིག་བཀོད་ཡོད་པ་དང་འདིའི་འགོ་བརྗོད་དུ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་སྟེ་ལོ་ངོ་ལྔ་བཅུ་འཁོར་བ་དང་ཡང་ས་བཅད་དུ་བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞེས་པའི་འགོ་བརྗོད་ཀྱི་འོག་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ཡོད་པ་རེད།
ཨ་མི་རི་ཀའི་ཕོའོ་རེན་པོ་ལི་སི་ཞེས་པའི་ཕྱི་སྲིད་ཀྱི་དུས་དེབ་དེས་རྒྱ་ནག་གཞུང་གིས་ཨཕ་རི་ཀའི་གླིང་ཕྲན་གྱི་ཡུལ་ཁག་ནང་དཔལ་འབྱོར་གྱི་གོ་སྐབས་ཤུགས་ཆེ་འཚོལ་བཞིན་རྒྱ་ནག་ཐད་མཐོང་ཚུལ་མི་ལེགས་པ་མི་ཡོང་བའི་ཆེད་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ཡིན་ནའི་མཱ་ལ་ལྦི་ལྟ་བུའི་ཨཕ་རི་ཀའི་ཡུལ་གྲུ་ཆུང་ཆུང་འདི་དང་ཡུལ་གྲུའི་འདིའི་མང་ཚོགས་ཀྱིས་བོད་ཐོག་འཛིན་པའི་བསམ་ཚུལ་ལ་དེ་ལྟ་བུའི་དོ་སྣང་བྱ་དགོས་དོན་གང་ཡིན་ཡ་མཚན་སྐྱེ་གཞི་ཞིག་གྱུར་ཡོད་པ་བཀོད་ཡོད་པ་རེད།